མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞབས་ཞུའི་ཉིན་མོའི་བྱེད་སྒོ་ཐེངས་དང་པོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞབས་ཞུའི་ཉིན་མོའི་བྱེད་སྒོ་ཐོག་མ་སྤེལ་འགོ་ཚུགས། དེས་མཚོ་སྔོན་ཞིང་ཆེན་རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞབས་ཞུའི་ཉིན་མོ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་ཁེ་ལས་དང་སྤྱི་དམངས་ཀྱི་རེ་འདུན་ལ་དམིགས་ཏེ་ཞབས་ཞུ་བྱེད་སྟངས་བསྒྱུར་བ་དང་། སྲིད་གཞུང་དང་ཁེ་ལས་དབར་འབྲེལ་གཏུག་སྟེགས་བུ་བསྐྲུན་པ། ངོ་ཐུག་གདོང་འཕྲད་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་སྲིད་ཇུས་ལག་རྩལ་བློ་འདྲི་སོགས་ཀྱི་ཞབས་ཞུ་སྤེལ་ནས་ཁེ་ལས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་པ་དང་། མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོང་སྲིད་དོན་གྱི་སྤུས་རྟགས་གསར་པ་གཏོད་པ་བཅས་བྱས་ནས་ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།   

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞབས་ཞུའི་ཉིན་མོའི་བྱེད་སྒོ་སྤེལ་བ་ནི་སྦག་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པའི་ཞིབ་ཕྲའི་བྱེད་སྤྱོད་ཅིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ལས་དོན་འདི་རྒྱུན་མཐུད་དུ་ལེགས་པར་བསྒྲུབ་རྒྱུར་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཞུགས་ཚད་ནི་རྨང་གཞི་དང་གནད་འགག་རེད། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་དེ་གཞི་རྟེན་དུ་བྱས་ཏེ་ཁེ་ལས་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཉེ་བར་བཅར་རྒྱུ་མཐའ་འཁྱོངས་དང་བློ་ཞིབ་མོས་འཆར་འགོད་རྩ་འཛུགས། གྲོས་གཞི་བསྡུ་ལེན། ཡུལ་དངོས་དོགས་སེལ། རྗེས་སྙེག་ལྟ་སྐུལ། དྲིལ་བསྒྲགས་སྒྲོག་སྤེལ་སོགས་ཀྱི་ལྷུ་ཚིགས་ཀྱི་ལས་དོན་དམ་འཛིན་ལེགས་པོ་བྱས་ནས། དྲ་ཐོག་དང་དྲ་ཕྱི། ཕྱོགས་བསྡུས་དང་ཆེད་དོན། ནང་འདྲེན་དང་ཕྱིར་བགྲོལ་བཅས་ཟུང་སྦྲེལ་སྒོས་ཧུར་ཐག་གིས་ཁེ་ལས་འཕེལ་རྒྱས་གཏོང་བར་ཞབས་ཞུ་ལེགས་པོ་བསྒྲུབས། བྱེད་སྒོ་འདི་ཁེ་ལས་དང་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་བར་འབྲེལ་གཏུག་དང་སྤེལ་རེས་བྱེད་པའི་“མྱུར་ལམ་”དང་གནད་དོན་ཐག་གཅོད་བྱེད་པའི་“འགྲོས་སྣོན་ཆས།” ཞབས་ཞུ་འཕེལ་རྒྱས་གཏོང་བའི་“སྒུལ་ཤུགས་འབྱུང་ཁུངས་”བཅས་སུ་འགྱུར་བར་བྱ་དགོས། 

བྱེད་སྒོ་སྤེལ་ཡུལ་གྱི་བློ་འདྲིའི་ཞབས་ཞུའི་ས་ཚིགས་སུ། མཚོ་སྔོན་པི་ཡ་ཏི་ལིའི་གློག་རྫས་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་རྒྱུ་ཆ་གསར་པའི་བཟོ་ལས་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སི། ཟི་ལིང་ཐུན་མིན་ངར་ལྕགས་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས་ཀྱི་འཐུས་མིས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་ཞིབ་བཤེར་རྩིས་ལེན་དང་ཉེན་ཡོད་བེད་མེད་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་པ། ཁེ་ལས་ཀྱིVOCsབཅོས་སྐྱོང་སྒྲིག་བཀོད་ཐག་གཅོད། ཁེ་ལས་ཀྱིས་བཙོག་འབུད་ཆེས་དམའ་བའི་ཁྲོད་རྒྱལ་ཁབ་ཀྱི་བཅོས་སྐྱོང་ལག་རྩལ་གསར་ཤོས་སྤྱོད་པ། དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་དོན་ཚན་ལ་དམིགས་ནས་བློ་དྲིས་པ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་འབྲེལ་ཡོད་ལས་སྒོའི་འགན་འཁུར་བས་གནད་དོན་ཐག་གཅོད་བྱེད་སྟངས་དང་ཐབས་ལམ་ལ་རེ་རེ་བཞིན་ལན་ཞིབ་ཕྲ་བཏབ་པས་སྔོན་དཔག་གྲུབ་འབྲས་ཐོབ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།