མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཁ་སང་ཕྱིར་ཟི་ལིང་དུ་ལོག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཚོགས་ཆེན་གཉིས་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་རྗེས།  ཟླ5བའི་ཚེས28ཉིན་གྱི་ཉིན་གུང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་གནམ་གྲུར་བསྡད་དེ་ཟི་ལིང་དུ་ཕྱིར་ལོག་པ་རེད།

ཚོགས་ཆེན་སྐབས་སུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན17གྱིས་ཚོགས་འདུའི་གྲོས་རིམ་གཞིར་བཟུང་ནས།  སྲིད་གཞུང་གི་ལས་དོན་སྙན་ཞུ་དང་།  དམངས་དོན་ཁྲིམས་གཞུང་གི་འཆར་ཟིན། འབྲེལ་ཡོད་སྙན་ཞུ་གཞན་དག་བཅས་ལ་ནན་ཏན་གྱིས་གྲོས་བསྡུར་བྱས་པ་དང་།  སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་གྱི་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས་པ་རེད།  ཨུ་ཡོན་ཚོས་ཚོགས་ཆེན་ལ་དབུལ་ཐར་འགག་སྒྲོལ་དང་།  སྣོད་བཅུད་སྲུང་སྐྱོང་།  ནུབ་རྒྱུད་གསར་སྤེལ་ཆེན་པོ།  སྤུས་ཚད་མཐོ་བའི་འཕེལ་རྒྱས།  མི་རིགས་མཐུན་སྒྲིལ་ཡར་ཐོན།  “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་སོགས་ཕྱོགས་མང་པོ་དང་འབྲེལ་བ་ཡོད་པའི་གྲོས་གཞི63བཏོན་པ་རེད།

 “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྣོལ་མཚམས་ཐོག  མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་པ་དང་འགན་འཁྲི་ཧ་ཅང་ལྗིད།  ཨུ་ཡོན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ལས་གནས་སུ་ལོག་རྗེས།  ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ།  ནན་ཏན་གྱིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར་དོན་འཁྱོལ་བྱས་ནས།  རང་འཁྲིའི་ལས་འགན་ལ་གཞི་ཚུགས་པ་དང་ལེགས་ཆ་འདོན་སྤེལ་བྱེད་པ།  དམིགས་འབེན་དང་ལས་འགན།  བྱེད་ཐབས་བཅས་ཁག་སོ་སོ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ།  རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀྱི་ཐད་ནས་རྒྱལ་ཁ་ལེན་དགོས་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས།  ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཚོ་སྔོན་གྱི་འཕེལ་རྒྱས་ཆེད་དུ་ཧུར་ཐག་གིས་འབད་འཐབ་བྱེད་རྒྱུ་ཡིན་ཞེས་བསྟན།

“དམིགས་བསལ་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གཉིས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་མི་སེམས་ལ་སྐུལ་མ་ཐེབས་ཡོད།”   ཨུ་ཡོན་ཞིང་ཀྲན་ཞུང་གིས་ཚོགས་ཆེན་གཉིས་ཀྱིས་ད་ལོའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་དང་།  བཀོད་སྒྲིག་ཅི་ཙམ་བྱས་ན་དོན་འཁྱོལ་དེ་ཙམ་བྱེད་དགོས་ལ།  ང་ཚོས་ཡིད་ཆེས་བརྟན་པོ་དང་། ངར་ཤུགས་གཅིག་སྒྲིལ། རང་ཉིད་ཀྱི་བྱ་བ་ནན་ཏན་གྱིས་བསྒྲུབས་པ།  “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་ཡག་པོ་བྱས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རང་འགན་གཙང་སྒྲུབ་བྱེད་དགོས་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།