མཚོ་སྔོན་གྱིས་གངས་སྐྱོན་ཉེན་འགོག་འགན་ལེན་གྱི་སྐྱིན་ཚབ་ཁྲོད་ཐེངས་དང་པོར་བཞག་པ།

青海农牧业保险提质增效首次将雪灾纳入保险赔偿责任

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས28ཉིན་མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ལས་ཞིང་སྡེ་ཐིན་དང་མཉམ་འབྲེལ་ཐོག《2020ལོའི་མཚོ་སྔོན་ཞིང་ཆེན་རོང་འབྲོག་ལས་ཀྱི་ཉེན་འགོག་འགན་བཅོལ་ལག་བསྟར་ཇུས་གཞི་དང་བོད་རིགས་ས་ཁུལ་གྱི་འབྲི་གཡག་དང་བོད་ལུག་ཉེན་འགོག་འགན་བཅོལ་ལག་བསྟར་ཇུས་གཞི》བཀྲམ་སྟེ། མཚོ་སྔོན་ཞིང་ཆེན་གྱི་སྲིད་ཇུས་རང་བཞིན་གྱི་རོང་འབྲོག་ལས་ཉེན་འགོག་འགན་བཅོལ་ཇེ་རྒྱས་སུ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་ཉེན་འགོག་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར149.63ཡིན་པ་དེ2019ལོ་དང་བསྡུར་ན་སྒོར་དུང་ཕྱུར11.25ཡིས་མང་དུ་སོང་བ་དང་། དུས་མཉམ་ལས8%མང་དུ་སོང་ཡོད། འདེབས་འཛུགས་ལས་རིགས་ཉེན་འགོག་ཉེན་ཁུར་ཁྱབ་ཁོངས་ལོ་སྔོན་མ་དང་བསྡུར་ན་མུའུ་ཁྲི72མང་དུ་ཕྱིན་ཡོད་པ་དེ་དུས་མཉམ་ལས་22.68%འཕར་ཡོད། སྲོལ་རྒྱུན་གསོ་སྤེལ་ལས་རིགས་ཀྱི་ཉེན་འགོག་འགན་བཅོལ་ཁ་གྲངས་ལོ་སྔོན་མ་ལས་ཁྲི16མང་དུ་སོང་བ་དང་དུས་མཉམ་ལས24.99%འཕར་ཡོད་པས། ཉེན་འགོག་འགན་བཅོལ་ནུས་པ་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད།

ཤེས་གསལ་ལྟར་ན། སྲིད་ཇུས་རང་བཞིན་གྱི་བོད་ལུག་འབྲི་གཡག་གི་ཉེན་འགོག་འགན་བཅོལ་དེ2019ལོའི་མཚོ་སྔོན་ཞིང་ཆེན་འབྲོག་ལས་རྐྱང་བའི་རྫོང28ཀྱི་རྨང་གཞིའི་ཐོག་ནས2020ལོར་རྫོང6གསར་དུ་བསྣན་ཏེ། བོད་ཁུལ་ཁྱད་ལྡན་བོད་ལུག་འབྲི་གཡག་གི་ཉེན་འགོག་འགན་བཅོལ་རྫོང34རུ་གྱུར་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུག་དང་འབྲི་གཡག་ཁྱོན་ཁྲི1510ལ་ཉེན་འགོག་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར130.02ཡིན་པ་དེ་ལོ་སྔོན་མ་ལས6.98%ཀྱིས་འཕར།

དེ་ལས་གཞན། མཚོ་ལྷོ་དང་མཚོ་བྱང་ཁུལ་གྱི་ས་ཁུལ་ཁ་ཤས་ཀྱིས་ནས་དང་གྲོ་སོགས་བསྡུ་འཕྱི་བས་རྒྱུན་དུ་ཁངས་སྐྱོན་སོགས་ཀྱི་འཇིག་པ་ཐོན་པའི་གནས་ཚུལ་དངོས་ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་ཀྱིས་ཁོངས་གཏོགས་ཉེན་འགོག་འགན་བཅོལ་ཀུང་སི་ལ་ཐོག་དང་པོར་གངས་སྐྱོན་དེ་མཚོ་སྔོན་ཞིང་ཆེན་འདེབས་འཛུགས་ལས་རིགས་ཀྱི་ཞིང་སའི་ལོ་ཏོག་གི་ཉེན་འགོག་འགན་བཅོལ་སྐྱིན་ཚབ་འགན་འཁྲི་ཁྲོད་བཞག་པ་དེས། ཞིང་ལས་ཉེན་འགོག་འགན་བཅོལ་ཁྱབ་ཁོངས་སྔར་བས་ཇེ་ཆེར་བཏང་ཡོད། 

རྗེས་མར། མཚོ་སྔོན་ཞིང་ཆེན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས་ཀྱིས་ཉེན་འགོག་འགན་བཅོལ་ཀུང་སིར་སྐུལ་ཁྲིད་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་གསར་གཏོད་རང་བཞིན་གྱི་ཉེན་འགོག་འགན་བཅོལ་དང་། འཁོར་སྐྱོད་ལམ་སྲོལ་འཐུས་ཚང་། ཞབས་ཞུའི་ནུས་པ་ཇེ་བཟང་དུ་བཏང་ནས། “ཞིང་གསུམ“ཁྱབ་ཁོངས་ཀྱི་ཉེན་འགོག་འགན་བཅོལ་དགོས་མཁོ་བསྐངས་ཏེ། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ལས་ཉེན་འགོག་འགན་བཅོལ་སྤུས་ཚད་བཟང་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།