ཨུ་ཡོན་ཝང་ཅན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་རང་བྱུང་ས་ཁམས་ཆ་རྐྱེན་དམིགས་བསལ་ཡིན་པས། སྨན་རྩྭའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་ས་གནས་སྨན་རྩྭའི་རྒྱུ་སྤུས་ཧ་ཅང་བཟང་། ལྕ་བ་དང་སྲད་སེར་ལ་དཔེར་བཞག་ན། གྲུབ་ཆ་གཙོ་བོ་དེ《ཀྲུང་གོའི་སྨན་གཞུང》ལས་བསྟན་པའི་ཚད་གཞིའི་ལྡབ3ནས5བར་ཡིན། ཀྲུང་བོད་སྨན་རྩྭ་ལྷག་པར་དུ་ས་གནས་ཀྱི་སྨན་རྩྭའི་འདེབས་གསོ་ལས་སྣོན་ཚོང་རའི་མདུན་ལྗོངས་ཡག་པས། ཀྲུང་བོད་སྨན་རྩྭའི་ཐོན་ལས་གང་ལ་གང་འཚམ་གྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཅན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཞེས་གྲོས་གཞི་བཏོན།

གྲོས་གཞིའི་ནང་། ཉེ་བའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་སྐུལ་འདེད་དང་རོགས་འདེགས་བྱེད་པའི་སྲིད་ཇུས་རབ་དང་རིམ་པ་སྤེལ་ནས། རྣམ་གྲངས་དང་ཚོང་རྟགས་གཙོ་བོར་མ་དངུལ་གཅིག་སྡུད་ཐོག་རོགས་རམ་བྱས་པ་དང་། ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ཕན་འབྲས་བླངས་ཡོད། དེ་དང་མཉམ་དུ། མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་སོན་རྒྱུ་ཐོན་ཁུངས་སྲུང་སྐྱོབ་མ་ལག་འཐུས་མི་ཚང་བ་དང་ས་གནས་སྨན་རྩྭའི་ཐོན་ཁུངས་མི་འདང་བ། འདེབས་གསོའི་ཐབས་ལམ་སྣ་གཅིག་ལས་མེད་པ། ལག་རྩལ་འདེགས་སྐྱོར་ཆད་པ། ཐོན་ལས་འཕེལ་རྒྱས་ཀྱི་སྦྲེལ་མཐུད་འོས་སྦྱོར་མིན་པ། ཐོན་ལས་དངུལ་གཏོང་མི་འདང་བ་དང་འཕེལ་རྒྱས་སྒུལ་ཤུགས་ཆུང་བ་བཅས་ཀྱི་གནད་དོན་བྱུང་ཡོད། 

ཝང་ཅན་གྱིས་བཤད་དོན། མཚོ་སྔོན་ས་གནས་ཀྱི་སྨན་རྩྭའི་ར་བ་འཛུགས་སྐྲུན་ལ་རོགས་རམ་དང་ས་གནས་ཀྱི་ཀྲུང་བོད་སྨན་རྩྭའི་གཅིག་གྱུར་དང་ཚད་ལྡན། གཞི་རྒྱ་ཡོད་པའི་འདེབས་གསོ་ར་བ་འཛུགས་པ་ཇེ་མགྱོགས་སུ་བཏང་སྟེ། ཀྲུང་བོད་སྨན་རྩྭའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་འདིང་དགོས། མཚོ་སྔོན་གྱི་ས་གནས་སྨན་རྩྭའི་ལས་སྣོན་ནུས་བ་མཐོར་འདེགས་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་སྨན་རྫས་ཁེ་ལས་ཀྱིས་མཚོ་སྔོན་གྱི་ཀྲུང་བོད་སྨན་རྩྭའི་ཐོན་ལས་ལ་མ་དངུལ་གཏོང་བ་དང་མཚོ་སྔོན་སྨན་རྫས་ཁེ་ལས་དང་མཉམ་ལས་གནང་བར་སྐུལ་སྤེལ་བྱས་ནས། ནུས་ལྡན་ཟས་རིགས་སམ་བདེ་སྲུང་ཐོན་རྫས་གསར་སྤེལ་བྱས་ནས་ཕྱོགས་བསྡུས་བེད་སྤྱོད་གཏོང་དགོས། མཚོ་སྔོན་ཞིང་ཆེན་ས་གནས་སྨན་རྩྭའི་ཚོང་རྟགས་འཛུགས་སྐྲུན་ལ་རོགས་རམ་དང“ཟི་ལིང་ལྕུམ་རྩྭ“སོགས་ཁྱད་ལྡན་སྨན་རྩྭའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དང་། ཐོན་ཡུལ་ངོས་འཛིན་དང་ཚོང་རྟགས་ཐོ་འགོད་ལ་ཤུགས་སྣོན་དགོས་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་སྨན་རྩྭའི་ཐོན་རྫས་ཀྱི་དྲིལ་བསྒྲགས་བྱེད་ཚད་ཇེ་མཐོ་དང་ཐོན་རྫས་ཀྱི་མིང་གྲགས་དང་མཚན་སྙན་མཐོར་འདེགས་སུ་གཏོང་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།