མཚོ་སྔོན་འཐུས་ཚབ་ཚོགས་པས་རྨ་ཆུ་ཙོང་ཆུའི་བཞུར་རྒྱུད་དུ་འདྲེན་པའི་ལས་གཞིའི་རྣམ་གྲངས་འཛུགས་རྒྱུར་གྲོས་གཞི་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་རྨ་ཆུ་ཙོང་ཆུའི་བཞུར་རྒྱུད་དུ་འདྲེན་པའི་ལས་གཞི་འཛུགས་རྒྱུའི་གྲོས་གཞི་བཏོན་པ་རེད།

གྲོས་གཞིའི་ནང་རྨ་ཆུ་ཙོང་ཆུའི་བཞུར་རྒྱུད་དུ་འདྲེན་པའི་ལས་གྲྭ་འཛུགས་སྐྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།  དཔལ་འབྱོར་འཕེལ་རྒྱས།  སྤྱི་ཚོགས་བརྟན་ལྷིང་།  དམངས་འཚོ་ལེགས་བཅོས།  མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།  རྨ་ཆུ་འདྲེན་པའི་ལས་གཞི་གནས་སའི་ཙོང་ཆུའི་འབབ་རྒྱུད་ཀྱི་མི་གྲངས་བསྡོམས་འབོར་ཁྲི385.13ཟིན་ཡོད་ལ།  དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་ས་ཁུལ་གྱི་མི་འབོར་བསྡོམས་འབོར་གྱི38.78%ཟིན་ཡོད།  རྣམ་གྲངས་ཁུལ་གྱི་ཧོང་ཀྲུང་དང་། ཕིན་ཨན།  ལི་ཏུའུ།  མིན་ཧོ་སོགས་རྫོང4རྒྱལ་ཁབ་རིམ་པའི་ལིའུ་ཕན་ཧྲན་རི་བོའི་གཙོ་གནད་དབུལ་སྐྱོར་ས་ཁོངས་སུ་གནས་ཡོད།  ཚང་མ་རྒྱལ་ཁབ་ཀྱི་དབུལ་སྐྱོར་ལས་དོན་གྱི་གཙོ་གནད་རྫོང་ཡིན་པ་དང་མི་འབོར་དབུལ་པོ་ཁྲི20ཟིན་ཡོད་པ་རེད།  འབབ་རྒྱུད་ཀྱི་རྒྱ་ཆེའི་རི་ཁུལ་དུ་ཐན་པ་ཆེ་བ་དང་ཆར་བ་ཉུང་བ།  སྐྱེ་ཁམས་ཁོར་ཡུག་ཞན་པ།  མང་ཚོགས་ཡང་བསྐྱར་དབུལ་པོར་འགྱུར་བར་ཉེན་ཁ་ཆེ་བ།  ཡོང་འབབ་ཉུང་བ་བཅས་ཀྱི་གནད་དོན་མང་པོ་ཡོད།  ས་ཁོངས་འདི་དབུལ་བོ་ཡིན་པ་དང་དཀའ་སྡུག་ཆེ་བ།  འཕེལ་རྒྱས་དལ་བ་སོགས་ཀྱི་གནད་དོན་ཚང་མ་ཆུ་ལ་རག་ལས་ཡོད་ཅེས་བཤད་ཆོག  ལས་གཞིའི་འཛུགས་སྐྲུན་གྱིས་ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་སྔར་བས་ཇེ་ལེགས་སུ་གཏོང་ཐུབ་པ་དང་།  ས་ཁོངས་ཀྱི་ཆུའི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ།  དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་བ།  རྒྱལ་ཁབ་བདེ་འཇགས་དང་མཐའ་མཚམས་བརྟན་ལྷིང་སོགས་ཕྱོགས་ཡོངས་ནས་སྲུང་སྐྱོང་ནུས་ལྡན་བྱེད་ཐུབ།

མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་གཞིའི་ནང་རྒྱལ་ཁབ་ཀྱིས་རྨ་ཆུ་ཙོང་ཆུའི་བཞུར་རྒྱུད་དུ་འདྲེན་པའི་ལས་གཞི་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  ལས་གཞིའི་རྣམ་གྲངས་འཛུགས་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པའི་བསམ་འཆར་བཏོན་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།