རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལས་གཞི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས2019ལོའི་ཁོར་ཡུག་སྤུས་ཚད་གནས་ཚུལ་དང་། སྐྱེ་ཁམས་ཁོར་ཡུག་ལས་དོན་གྲུབ་འབྲས་དང2020ལོའི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་གལ་ཆེན་བཅས་ཁྱབ་བསྒྲགས་བྱས།

རྨ་ལྷོ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་ལག་བསྟར་བྱེད་བཞིན་ཡོད་ཅིང་། 2019ལོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་དོན་དངོས་ཀྱི་གྲུབ་འབྲས་བླངས་པ་སྟེ། རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སོང་ནས་བསྟུད་མར་ཉིན341ལ་སྤུས་ལེགས་མཁའ་དབུགས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་ལ། མཁའ་དབུགས་སྤུས་ལེགས་ཚད་གྲངས98.3%ལ་སླེབས། ཆུའི་ཁོར་ཡུག་སྤུས་ཚད་ཀྱི་རྣམ་པ་བཟང་པོའང་རྒྱུན་འཁྱོངས་བྱས་ཡོད་ལ།  འབབ་རྒྱུད་གཙོ་བོར་ལྟ་ཞིབ་ཚད་ལེན་བྱས་པའི་བཅད་ངོས9ཡི་ཆུའི་སྤུས་ཚད་ཚང་མⅢརིགས་ཀྱི་ཆུའི་སྤུས་ཚད་ཀྱི་ཚད་གཞིར་སླེབས་པའམ་དེ་ལས་ལེགས་པས་ཆུའི་ནུས་པའི་ཁུལ་གྱི་ཚད་གཞི་ལོན་ཚད100%སླེབས་ཡོད། ས་རྒྱུ་སྦགས་བཙོག་བཅོས་སྐྱོང་ཤུགས་ཚད་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་ལ་ཞིབ་བཤེར་དང་ཞིང་སྤྱོད་ས་ཆའི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་བཏང་བས་ཁུལ་ཡོངས་སུ་ལོ་ཧྲིལ་པོར་ས་རྒྱུའི་སྦགས་བཙོག་དོན་རྐྱེན་བྱུང་མེད། ལས་གཞིའི་མ་དངུལ་དོན་ཐོག་ཏུ་འཁྱོལ་ཚད་སྒོར་དུང་ཕྱུར1དུ་བརྒལ་ནས་མི་འབོར་ཁྲི22.87ལ་ཕན་ཐོག་པ་དང་གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།

རྨ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ལིན་ཀྲན་ཞིན་གྱིས་རྨ་ལྷོ་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་སོ་སོས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། འདུ་ཤེས་བཞི་ཤུགས་དྲག་དང་ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་བྱས་ཏེ་རང་འགུལ་གྱིས་འགན་འཁྲི་དང་ལེན་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཡོད་པའི་སྒོ་ནས་མུ་མཐུད་དུ་ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ་སྦགས་བཙོག་བཅས་ཀྱི་བཅོས་སྐྱོང་སྔོན་འགོག་འཐབ་ཇུས་ལེགས་པོར་སྤེལ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་ལས་གཞི་འཛུགས་སྐྲུན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་གཏོང་དགོས་ལ། རྒྱ་ཆེའི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་སྐྱིད་ཚད་གྲངས་མཐོར་འདེགས་སུ་གཏོང་ཆེད་དོན་དངོས་ཀྱི་བྱས་རྗེས་གསར་བ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།