མཚོ་སྔོན་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་མི་ཚོགས་པས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་གཞི་བཏོན།  

གྲོས་གཞིས་ནང་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་རྨ་ཆུའི་འབྱུང་ཁུངས་ཡིན་ལ། ས་ཁོངས་ནང་གི་བཞུར་ཆུའི་རིང་ཚད་ཀྱིས་རྨ་ཆུའི་རིང་ཚད་ཡོངས་ཀྱི36%ཟིན་ཡོད། དེ་ནི་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་རླིང་ངང་བསྐྲུན་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཚོ་སྔོན་དང་ལྷག་པར་དུ་རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་གལ་ཆེན་གྱི་གོ་སྐབས་ནན་འཛིན་བྱས་ཏེ་རྣམ་གྲངས་ཀྱི་སྣེ་ཁྲིད་འཐབ་ཇུས་མཐའ་འཁྱོངས་དང་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། དོ་དམ་ལམ་སྲོལ་རིམ་བཞིན་བཙུགས་པ་དང་འཐུས་ཚང་དུ་བཏང་ལ། ལྷག་པར་དུ་རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཁག་གཅིག་གཅིག་སྡུད་ཐོག་ལག་བསྟར་བྱས་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་ཐོག་མ་འཇོག་གྲངས་འབོར་མང་ཤོས་ཤིག་ཡིན། མིག་སྔར་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་དེ་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཁུལ། སྲིད་འཛིན་ཨུ་ལྷན།)ཚང་མར་ཁྱབ་ནས་གཙོ་གནད་ཐོག་ཤང་དང་གྲོང་རྡལ་དུ་རྒྱ་བསྐྱེད་བཞིན་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་བཟོ་བའི་སྒྲིག་བཀོད་མངོན་གསལ་དོད་པོས་མི་འདང་བ་དང་། གཙང་སེལ་ནུས་པ་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་དམའ་བ། སྒྲིག་བཀོད་འཛུགས་སྐྲུན་གྱི་མ་དངུལ་མི་འདང་བ། རྣམ་གྲངས་འཛུགས་སྐྲུན་གྱི་མ་གནས་མཐོ་བ། གཙང་སེལ་བཟོ་རྩལ་དང་བྱེད་སྟངས་ཇེ་ལེགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་ལྷག་ཡོད། 

འཐུས་མི་ཚོགས་པས་གྲོས་གཞི་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ཐད་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་ཞིང་ཆེན་དེ་ཉིད་རྒྱལ་ཁབ་ཀྱི་བཙོག་ཆུ་གཙང་སེལ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཚོད་ལྟ་བྱ་ཡུལ་ཆུང་གྲས་ནང་འཇུག་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།