ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས་པ་ལས་གཞན། འཆར་གཞི་བྱ་བའི་སྙན་ཞུ་དང་སྔོན་རྩིས་ཀྱི་སྙན་ཞུར་ཞིབ་བཤེར་བྱས། ཚོགས་ཐོག་ནས་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་ལིའུ་ཉིང་ཚོགས་འདུར་ཞུགས། ཐིན་ཅཱ་ཚའེ་དང་ཀྲང་ཀོང་རུང་སོགས་འཐུས་མི་སོ་སོས་གཏམ་བཤད་བྱས། རྒྱལ་ཁབ་འཕེལ་རྒྱ་སདང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། སློབ་གསོ་པུའུ། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་བརྙན་ལམ་བརྒྱུད་ནས་བསམ་འཆར་དང་གྲོས་གཞིར་ཉན།
ཝང་ཅན་ཅུན་གྱིས་བཤད་རྒྱུར། འཆར་གཞིའི་སྙན་ཞུ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་གསལ་ཐོ་ཡིན་པ་དང་། སྔོན་རྩིས་སྙན་ཞུ་ནི་རྒྱལ་ཁབ་ནོར་སྲིད་ཀྱི་རྩིས་ཐོ་ཡིན། སྙན་ཞུ་གཉིས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བརྩི་སྲུང་བྱས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་ཁོང་དུ་ཆུད་པར་བྱས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས། “བརྟན་འཇགས་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་ལེགས་སྒྲུབ་བྱ་རྒྱུར་ལྟ་རྟོག་བྱས་པར་མ་ཟད། བརྒྱ་ལོ་གཅིག་གི་འབད་འཐབ་དམིགས་ཚད་འགྲུབ་པར་སྟོབས་ཤུགས་གཅིག་སྒྲིལ་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཁོག་ནས་གཞི་ཚུགས་པར་བྱེད་པ་དང་ཕྲ་མཐོང་ལ་དམ་པོར་དམིགས་ཏེ། སྲིད་གཞུང་བྱ་བའི་སྙན་ཞུ་དང་འབྲེལ་མཐུད་དམ་ཟབ་དང་གཞོགས་འདེགས་འདེགས་སྐྱོར། ཕན་ཚུན་ར་སྤྲོད། ཕན་ཚུན་ཆར་པ་ཆུ་གྲོགས་བཅས་བྱེད་དགོས། གཙོ་གནད་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་འགན་ལེན་མཁོ་འདོན་བྱས་ཡོད་པས། སྙན་ཞུ་གཉིས་ལ་རྦད་དེ་མོས་མཐུན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “འདུ་ཤེས་བཞི”སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང“ཡིད་རྟོན་བཞི”དེ་བས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱས་ནས། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་མཉམ་འདྲེས་ཐུབ་པར་བྱེད་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་རྣམ་པ་བཟང་པོར་གཅེས་སྤྲས་ལྡབ་འགྱུར་བྱེད་དགོས། ཕན་ནུས་ལྡན་པའི་འབྲེལ་མཐུད་ཧུར་ཐག་དང་ཤུགས་རྒྱག་སའི་གཞི་གནས་འཆུག་མེད་འཚོལ་བ། དོན་འཁྱོལ་བྱེད་ཐབས་ཞིབ་ཕྲ་བཟོ་བ། དེ་རིང་གི་ལས་གཞིས་སང་ཉིན་རྨང་གཞི་ཡག་པོ་འདིང་རྒྱུ་དང་། དེ་རིང་གི་མ་དངུལ་གཏོང་བ་དེ་སང་ཉིན་གྱི་རྒྱུ་ནོར་ཞིག་ཏུ་འགྱུར་བ་བྱེད་དགོས། “སྔོན་འགྲོག་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན། “དཔལ་འབྱོར་གྱི་རྣམ་པ་རིགས་བཞི”སྐྱེད་སྲིང་བཅས་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱས་ཏེ། མཚོ་སྔོན་འདི་ཉིད་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དངའཆམ་མཐུན་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་ཟེར།
ཐིན་ཅཱ་ཚའེ་ཡིས་བཤད་རྒྱུར། འཆར་གཞི་དང་སྔོན་རྩིས་སྙན་ཞུ་ནི་སྲིད་གཞུང་གི་ལས་དོན་སྙན་ཞུར་འབྲེལ་མཐུད་དམ་ཚགས་བྱས་པ་ཞིག་ཡིན་ཞིང་། དེས་གསོན་ཉམས་ལྡན་ལ་རྟོགས་སླ་བའི་ཡི་གེའི་གཞི་གྲངས་སྤྱད་དེ། ལོ་གཅིག་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་བསྡོམས་བྱས་ཡོད། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས། བསམ་ཕྱོགས་དང་བྱེད་ཐབས་ཁ་གསལ་གོ་བདེའི་སྟེང་ནས་ད་ལོའི་ལས་དོན་བཀོད་སྒྲིག་བྱས་པ་རེད། དེས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་བླང་བྱ་གལ་ཆེན་རབ་དང་རིམ་པ་མཚོན་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་རུ་འབྲེལ་བའི་སྒོ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་གྲོས་གཞི་འདོན་རྒྱུ་སྟེ། གཅིག་ནས་མཚོ་སྔོན་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲོད་བསྟེན་འཕྲལ་བསྟུན་སྲོག་སྐྱོབ་སྨན་བཅོས་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱ་དགོས། ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་ཁུངས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ནུས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གི་ཞན་ཆ་གསབ་དགོས། གཉིས་ནས་དབུལ་ཐར་མཁྲེགས་གཏོར་རྗེས་མཐུད་ཐོན་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རིགས་དབྱེ་ཞིབ་ཚགས་སུ་གཏོང་དགོས། གནད་འཁེལ་ཇུས་འདོན་གྱིས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཆེད་ལས་ཅན་དང་ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་དགོས། གསུམ་ནས་གྲང་སྦྲེལ་ཟོག་འགྲེམས་དང་མཛོད་ཉར་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་མཐོར་གནས་པའི་ལས་སྣོན་ཞིབ་ཚགས་དང་གསོག་ཉར། སྐྱེལ་འདྲེན་སོགས་ཚོད་འཛིན་གྱི་དཀའ་གནད་སེལ་བ་དང་། འབྲི་གཡག་དང་ནས། འཕང་འབྲས། འཁྱགས་ཉ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་རྒྱ་ཆེར་བསྐྱེད་དེ། མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱེད་དགོས་ཟེར།
ཀྲང་ཀོང་རུང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན་ཧ་ཅང་ཆེན་པོ་དང་། བློ་བརྟན་འགྱུར་མེད་ཀྱི་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས། ཚུལ་མཐུན་གྱི་དམ་པ་དོན་གཉེར་གྱི་སྙིང་སྟོབས། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་མངོན་ཡོད་པས།ང་རང་ངོས་ནས་རྦད་དེ་མོས་མཐུན་ཡོད་ཟེར།
ཧན་ཞའོ་ཝུའུ་དང་ཁྲིན་ལི་ཧྥིང་། པད་རྒྱལ་བཀྲ་ཤིས། མེན་ཧའེ། མ་དབྱི་སི་ཧྥུ། བཀྲ་ཤིས་རྡོ་རྗེ། ཧྲ་ཧྥང་། ཀྲང་ཡུང་ལིས། ཀྲང་ཞའོ་རུང་། ཁུང་ཆིང་ཅུས། ཨ་ཧྲེང་ཆིང་། ཤ་བོ་སྒྲོལ་མ་སོགས་ཀྱིས་རིམ་པར་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་ཡག་པོ་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དམ་འཛིན་ཡག་པོ་བྱེད་པ། “འགན་སྲུང་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཁྲིམས་འཛིན་སྲིད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ལ་དམིགས་བཙུགས་ནས་གཏམ་བཤད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་འཐུས་ཚབ་ཚོགས་པས་མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས།