མཚོ་སྔོན་གྱི་འཐུས་མི་ཚོགས་པས་འཐུས་མིའི་གྲོས་གཞིར་གྲ་སྒྲིག་ཞིབ་ཚགས་བྱས།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཚོ་སྔོན་གྱི་འཐུས་མི་མེང་ཧའེ་ཡིས་བརྙན་ཟློས་བརྒྱུད་དེ་གཏམ་བཤད་ནང་དོན་འཐུས་ཚང་དུ་གཏོང་བཞིན་ཡོད།


རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་མཚོ་སྔོན་གྱི་འཐུས་མི་བཀྲ་ཤིས་རྡོ་རྗེས་གྲོས་གཞིར་ནན་ཏན་གྱིས་བཟོ་བཅོས་བྱེད་བཞིན་པ།


ཨུ་ཡོན་ཧན་ཝུན་ལིན་གྱིས་གཏམ་བཤད་ནང་དོན་གྲ་སྒྲིག་ཞིབ་ཚགས་བྱེད་བཞིན་པ།

ཨུ་ཡོན་ལི་ཆིན་གྱིས་གཏམ་བཤད་ནང་དོན་ལ་བཟོ་བཅོས་བྱས་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱེད་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ང་ནི་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ནས་ཡོང་བ་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་བའི་འཕྲོད་བསྟེན་མ་ལག་བཅོས་བསྒྱུར་ལ་ལྷག་ཏུ་དོ་ཁུར་བྱེད་བཞིན་ཡོད། དུས་རིམ་སྔོན་མའི་རྟོག་ཞིབ་དང་ཚོགས་འདུ་གཉིས་ཀྱི་སྐབས་སུ་ཐབས་འདོན་ཇུས་འབུལ་བྱས་པ་བརྒྱུད། རང་རེའི་ཞིང་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ལ་དོ་ཁུར་བྱེད་པ་དེ་གྲོས་གཞིར་བཏོན་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི་ཞིག་གི་འགན་འཁྲི་ལག་བསྟར་བྱ་རྒྱུ་ཡིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་ལ་ཉེ་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཀྱི་འཐུས་མི་མཱ་ཧྥུའུ་ཁྲང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་མ་ལག་ཇེ་བརྟན་དུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཚོགས་རར་འཁྱེར་བར་གྲ་སྒྲིག་བྱེད་བཞིན་ཡོད། ཉིན་འགའི་རིང་ལ། མཚོ་སྔོན་འཐུས་མི་ཚོགས་པས་འཐུས་མིའི་གྲོས་གཞི་དང་བསམ་འཆར་གྲ་སྒྲིག་ཞིབ་ཚགས་བྱེད་བཞིན་ཡོད་ཅིང་། ནོར་སྲིད་དཔལ་འབྱོར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སློབ་གསོ་ཚན་རིག་དང་རིག་གནས་འཕྲོད་བསྟེན། བཟོ་ལས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་ཚོགས་དང་སྤྱི་བའི་ལས་དོན་སོགས་ཕྱོགས་མང་པོ་དང་འབྲེལ་ཡོད། དེ་མིན་འཐུས་མིས་རྟོག་ཞིབ་གཏིང་ཟབ་བྱས་པ་ལས་བྱུང་བའི་བསམ་འཆར་དང་གྲོས་གཞི་འགའ་བཟོ་བཅོས་དང་འཐུས་ཚང་དུ་བཏང་ནས་ཚོགས་ཆེན་སྟེང་འདོན་སྤྲོད་བྱ་རྒྱུ་རེད། 

 རྟོག་ཞིབ་གཏིང་ཟབ་དང་སྤུས་ཚད་མཐོ་བའི་གྲོས་གཞི་དང་བསམ་འཆར་རེ་རེའི་ཁྲོད། མཚོ་སྔོན་མི་དམངས་ཀྱིས་དོ་ཁུར་བྱེད་པ་དང་མ་འོངས་བའི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྒུག དེ་མིན་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། ད་ལོའི་འཐུས་མིས་གྲོས་གཞི་གྲ་སྒྲིག་ལས་དོན་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། བྱེད་སྟངས་གསར་གཏོད་བྱས་ཡོད་ཅིང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་དེ་གྲོས་གཞིའི་གྲ་སྒྲིག་བྱ་བའི་ནང་ཞུགས་པར་ཐོག་མར་གདན་དྲངས་ནས། རང་རང་གི་འགན་ནུས་དང་བསྟུན་ཏེ། ཁ་གཏད་དང་ཆེད་ལས་ཀྱི་ཕྱོགས་ནས་གྲོས་གཞི་ལ་བསམ་འཆར་བཏོན་ཏེ་གྲོས་གཞིའི་སྤུས་ཚད་ཇེ་མཐོར་གཏོང་བར་རམ་འདེགས་བྱས། ཞིང་ཆེན་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་ཐེངས་དང་པོ་བསྡུས་ནས་ལས་དོན་བཀོད་སྒྲིག་བྱས་པ་དང་། གྲོས་གཞིའི་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བའི་ལས་དོན་གྱི་ལངས་གནས་མཐོ་བ་དང་། རིམ་པ་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་། མི་དམངས་འཐུས་མི་ཚོགས་ཆེན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འཐུས་མི་མི་སྒེར་གྱིས་གྲ་སྒྲིག་བྱས་པའི་གྲོས་འགོ་ཐོག་མར་འཚོལ་བསྡུ་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ལ་བསམ་འཆར་བསྡུ་ལེན་བྱེད་པར་ཕུལ་ནས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བར་རོགས་རམ་བྱས་པ་རེད། དེ་ལས་གཞན་འཐུས་མི་ཚོས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས། བཅར་འདྲི་དང་རྟོག་ཞིབ་སོགས་ལ་ཟུར་ཞུགས་བྱས་པ་བརྒྱུད་དེ། ཞིང་ཆེན་གྱི་གནས་ཚུལ་དངོས་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། རང་གི་འགན་འཁྲིའི་ལས་དོན་གྱི་ཁྱབ་ཁོངས་དང་ཟུང་འབྲེལ་བྱས་ཏེ། འཐུས་མི་མི་སྒེར་གྱི་གྲོས་གཞི་འཆར་ཟིན་ལ་གྲ་སྒྲིག་ནན་ཏན་བྱས་པ་དང་། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་བསམ་འདུན་ཡོངས་སུ་མཚོན་པར་ཁག་ཐེག་བྱས།

འཐུས་མི་སོ་སོས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ཤེས་རྟོགས་དང་ཚོད་འཛིན་ཟབ་མོ་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བསམ་པའི་རྣམ་འགྱུར་བཟང་བོར་བརྟེན་ནས། ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་སོ་སོ་དང་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་ལ་གྲོས་ཞིབ་ནན་ཏན་བྱ་རྒྱུ་དང་། ཧུར་ཐག་ངང་ཐབས་འདོན་ཇུས་འབུལ་དང་སྤུས་ཚད་མཐོ་བའི་འཐུས་མིའི་གྲོས་གཞི་དང་གྲོས་འགོ་བཏོན་ཏེ། ཚོགས་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་བླང་བྱ་སོ་སོར་བརྩི་སྲུང་བྱ་རྒྱུ་དང་། མཚོ་སྔོན་གྱི་འཐུས་མི་ཚོགས་པས་རང་འགན་གཙང་སྒྲུབ་དང་མི་དམངས་ཀྱི་ཆེད་དུ་མགྲིན་ཚབ་བྱེད་པའི་ཉམས་འགྱུར་བཟང་བོ་མངོན་པར་མཚོན་ནས། ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ནུས་ཤུགས་ཡོད་ཚད་འདོན་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།