ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་གཏོད་མ་ལག་འཛུགས་སྐྱོང་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་སྟེང་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས14ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཞིང་ཆེན་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་སྐྲུན་མ་ལག་འཛུགས་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་བྱ་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལས་དོན་ལ་སྤྱི་སྡོམ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་མ་ཟད། རྗེས་ཕྱོགས་ཀྱི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས། 

ཧྲིན་ཀྲང་ངམ་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ལིག་ཉིང་། འགོ་གཙོ་གཞོན་པ་ལི་ཅེ་ཞང་དང་། ཝང་ཡུས་ཡན། ཡུས་ཚོན་ལིའུ། ཝང་ལི་མིན། ཀྲང་ལོས་བཅས་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་ཞིང་གི་ཚན་རྩལ་གསར་སྐྲུན་བྱ་བར་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་གནང་ཞིང་། དུས་རབས་གསར་བ་ནི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་དུས་རབས་ཡིན་ལ། གསར་གཏོད་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། འཕེལ་རྒྱས་ཀྱི་འདུན་ལྗོངས་ཆེན་པོ་ཁོང་དུ་ཆུད་པ། ཞིང་ཆེན་གྱི་གནས་ཚུལ་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། བཅོས་བསྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་བ། བྱེད་ཐབས་གསར་གཏོད་ལ་བརྟེན་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་རང་ཞིང་གི་ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་དང་གསར་གཏོད་མ་ལག་འཛུགས་སྐྱོང་འཕེལ་རིམ་གསར་བ་སླེབས་པར་སྐུལ་འདེད་གཏོང་དགོས་པར་བསྟན།

གྲོས་ཚོགས་ལས། བཅོས་བསྒྱུར་བྱས་ན་ཡར་རྒྱས་ཡོང་བ་དང་། གསར་གཏོད་བྱས་ན་སྟོབས་ལྡན་ཏུ་གྱུར་བ། བཅོས་བསྒྱུར་དང་གསར་གཏོད་བྱེད་པར་རྒྱལ་ཁ་ཐོབ་ངེས། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་གཏོད་མ་ལག་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བཅོས་བསྒྱུར་ནི་ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་ཞིག་ཡིན་པ་དང་། གསར་གཏོད་ནི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་མཐུན་རྐྱེན་ཡིན། མཚོ་སྔོན་གྱི་ཕྱོགས་སོ་སོའི་བྱ་བར་སྐུལ་འདེད་གཏོང་བར་ངེས་པར་དུ་བཅོས་བསྒྱུར་གསར་གཏོད་ཀྱི་དར་ཆ་མཐོན་པོར་བསྒྲེང་དགོས་ལ། བཅོས་བསྒྱུར་ལ་གསོན་ཤུགས་དང་གསར་གཏོད་ལ་སྒུལ་ཤུགས་དགོས་པ་དང་། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་གཏོད་བྱེད་པར་འཕྲད་པའི་གནས་བབ་དང་འགྲན་སློང་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་ཤེས་ལྡན་མི་སྣའི་བསྡོམས་འབོར་དང་། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་པ། ཐོག་མའི་གསར་གཏོད་དང་ལག་རྩལ་འགག་སྒྲོལ། རིན་ཐང་མཚོན་ཚུལ་སོགས་ཀྱི་ཐད་ཞན་ཆ་གསབ་པ་དང་། ཉམས་ཞན་དུ་གཏོང་བ། རེ་སྒུག་དང་། ལྟ་བ། གོམ་པ་གང་བགྲོད་བཅས་མི་བྱེད་པར་དུས་རབས་འཕེལ་ཕྱོགས་ཀྱི་རྗེས་ཟིན་པ་བྱེད་དགོས། ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་ལ་ཡིད་ཆེས་དང་གསར་གཏོད་ལ་ཡིད་ཆེས་བརྟན་པོ་བྱས་ཏེ། ཚན་རིག་སློབ་གསོར་བརྟེན་ནས་མཚོ་སྔོན་དར་རྒྱས་སུ་གཏོང་བ་དང་། ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ཆེན་དུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞན་གྱི་སྔོན་དུ་བྱེད་ཕོད་པའི་ཕུགས་འདུན་དང་དཔའ་ངར་ཆེར་བསྐྱེད་ཀྱིས་བཅོས་སྒྱུར་གསར་གཏོད་ཇུས་འགོད་དང་། བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད། བཅོས་བསྒྱུར་གསར་གཏོད་དོན་འཁྱོལ་བྱེད་དགོས་པ་བཅས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཚན་རྩལ་ཕྱོགས་ནས་མཐུན་རྐྱེན་ལེགས་པོ་སྐྲུན་དགོས་པར་བསྟན།

ཚོགས་འདུའི་སྟེང་།《ཚན་རྩལ་གསར་གཏོད་མ་ལག་ཇེ་ལེགས་སུ་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱ་ཐབས་འགའ》དང་། 《ཞིང་ཆེན་སྲིད་གཞུང་གི་ཚན་རྩལ་བློ་འདྲི་གདན་ཞུའི་བྱ་ཐབས》《ཞིང་ཆེན་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་དང་གསར་གཏོད་མ་ལག་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་གི་བྱ་བའི་འགན་འཁྲི》བཅས་ལ་གྲོས་ཞིབ་བྱས་པ་དང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།