མཚོ་སྔོན་ཞིང་ཆེན་གྱི“ཏང་ཀྲི་པུའི་ཧྲུའུ་ཅིའི་ནུས་པ་མཐོར་གཏོང་ལས་གཞི”དང་དབུལ་ཐར་འགག་སྒྲོལ་གྱི་ལས་བྱེད་པའི་དཔུང་ཁག་གཅིག་སྡུད་རེས་སྐོར་གསོ་སྦྱོང་གི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭའི་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ཏང་ཀྲི་པུའི་ཧྲུའུ་ཅིའི་ནུས་པ་མཐོར་གཏོང་ལས་གཞི”དང་དབུལ་ཐར་འགག་སྒྲོལ་ལས་བྱེད་པའི་དཔུང་ཁག་གཅིག་སྡུད་རེས་སྐོར་གསོ་སྦྱོང་གི་ཞིང་ཆེན་རིམ་པའི་དཔེ་སྟོན་འཛིན་གྲྭ་ཞིང་ཆེན་གྲོང་གསེབ་ལས་བྱེད་པའི་སློབ་གླིང་དུ་སློབ་འགོ་ཚུགས་ཤིང་། 2019ལོའི་ཚུན་དུ་གསར་དུ་འདེམས་གཏོང་བྱས་པའི་གྲོང་ཚོའི“ཧྲུའུ་ཅི་དང་པོ”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་དུས་ཐེངས་གཉིས་ལ་བགོས་ནས་གསོ་སྦྱོང་ནང་ཞུགས་པ་དང་དུས་ཐེངས་རེར་མི100ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་དཔེ་སྟོན་གསོ་སྦྱོང་སྒྲིག་འཛུགས་བྱས་པའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་དུ་འདེམས་གཏོང་བྱས་པའི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་དང་ལས་འགན་གསར་དུ་འཁུར་བའི་གྲོང་གསེབ་ཀྱི་ལས་བྱེད་པ་ཚང་མ་རེས་སྐོར་གསོ་སྦྱོང་ཐེངས་རེ་བྱ་རྒྱུ་འགན་ལེན་བྱེད་པའི”མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས། ཞིང་ཆེན་ཡོངས་ཀྱིས་ཉེ་དུས་འཚོགས་པའི་ཏང་གི་འཛུགས་སྐྱོང་ལ་དམ་འཛིན་དང་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་བའི་དབུལ་ཐར་འགག་སྒྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱས་ཏེ། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་མིས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འཇོན་ཐང་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་རེད། གསོ་སྦྱོང་དེ་ཆེད་མཁས་པའི་འཆད་སྟེགས་དང་། ཆེད་དོན་ཟུར་ཁྲིད། ཆེད་དོན་འཆད་ཁྲིད། ཡུལ་དངོས་སློབ་ཁྲིད། གྲུབ་ཆ་ཅན་གྱི་ཞིབ་གྲོས། བཅར་འདྲི་སློབ་ཁྲིད། ཉེ་འགྲམ་གྱི་མིག་དཔེ་སློབ་སྦྱོང་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱ་ཐབས་སྤྱད་དེ་སློབ་མ་ཡོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་དང་། གནད་སྨིན་རོགས་སྐྱོར་བྱེད་སྟངས། དེ་བཞིན་གྲོང་གསེབ་ཀྱི་ལས་དོན་བྱ་ཐབས་སོགས་མ་ལག་ལྡན་པའི་ངང་སློབ་སྦྱོང་ཐུབ་པ་བྱ་རྒྱུ་དང་། ལྷག་པར་དུ་སྣེ་ཁྲིད་པ་གསོ་སྐྱོང་དང་གྲོང་ཚོ་རིམ་པའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཐད་ཀྱི་ནང་དོན་ལ་གསོ་སྦྱོང་བྱ་རྒྱུར་སྣང་ཆེན་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་སུ“གར་ཡང་མི་འགྲོ་བའི་ལས་དོན་རུ་ཁག”ཅིག་ཧུར་ཐག་གིས་གཏོད་རྒྱུ་ཡིན་པ་རེད།

ཟླ5པའི་ཟླ་སྨད་ནས་ཟླ7པའི་ཟླ་སྟོད་བར་མཚོ་སྔོན་ཞིང་ཆེན་གྱིས་ད་དུང་དུས་ཐེངས་དྲུག་གི་གསོ་སྦྱོང་འཛིན་གྲྭ་བསྟུད་མར་གཉེར་ནས2019ལོར་གསར་དུ་ལེགས་སྒྲིག་བྱས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་ཁྱོན744ལ་སྐོང་འཐེན་གསོ་སྦྱོང་བྱས་ནས་གྲོང་ཚོ་རིམ་པའི་བཅོས་སྐྱོང་དང་། མང་ཚོགས་ལ་དྲིལ་བསྒྲགས་ཁྲིད་སྟོན། ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ། དབུལ་སྒྲོལ་དངོས་སྤྱོད་རྩལ་ནུས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཇོན་ཐང་སོགས་ཐད་ཀྱི་ནང་དོན་གསོ་སྦྱོང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།