ཁོང་ཡུང་གིས་རྐང་ཚ་རྫོང་དུ་བརྟག་ཞིབ་གནང་སྐབས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དམ་འཛིན་བཟང་པོ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་རྐང་ཚ་རྫོང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་བརྟག་ཞིབ་བྱེད་པར་བསྐྱོད་དེ། དཀའ་ངལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། བསམ་འཆར་གྲོས་གཞི་ལ་ཉན་པ་མ་ཟད། ཁུལ་དང་རྫོང་གི་ལས་བྱེད་པ་དང་མཉམ་དུ་བཞུགས་མོལ་ལབ་གླེང་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་སྒྲུབ་བྱ་ཐབས་ལ་སྐུལ་འདེད་བཏང་།

ཁོང་ཡུང་སྔ་གཞུག་ཏུ་རྐང་ཚ་རྫོང་མི་རིགས་བཅའ་སྡོད་ལམ་ལུགས་དམའ་རིམ་སློབ་འབྲིང་དང་། དམངས་ཡོངས་བདེ་ཐང་ལྟེ་གནས། བྱ་གླིང་གི་གྲོང་རྡལ་བཙོག་ཆུ་གཙང་གསིང་བཟོ་གྲྭ འོད་ཤུགས་གླིང་ཁུལ་སོགས་སུ་ཕེབས་ནས་ཡུལ་དངོས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། གྲོང་ཁྱེར་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་རྐང་ཚ་རྫོང་གིས“འཆར་གཞི་གཅིག”མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སྣོད་བཅུད་སྲུང་སྐྱོང་ལས་དོན་བཅས་ཀྱི་ཁྲོད་འབད་བརྩོན་བྱས་པའི་ཕན་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་རེད།

  ཁོང་ཡུང་གིས་ད་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། དབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུ་བ་བཅས་ཀྱི་ལོ་ཡིན། རྐང་ཚ་རྫོང་གིས་གཙོ་གནད་མི་ཚོགས་དང་གཙོ་གནད་ཁུལ་ལ་དམ་པོར་དམིགས་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག“འགན་ལེན་དྲུག”དམ་འཛིན་བྱས་ནས“བརྟན་ལྷིང་དྲུག”ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་སྔར་བས་མགྱོགས་སུ་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་དགོས། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་བཟོ་བ་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཇུས་གཞི་ཁྲོད་གཅིག་གྱུར་འཆར་འགོད་བྱེད་པ་དང་། སློབ་གསོ་དང་། འཕྲོད་བསྟེན། གྲོང་ཁྱེར་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་གང་མགྱོགས་ངང་གསབ་པ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། སྐྱེ་ཁམས་འབྲོག་ལས་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འགོ་འཛུགས་ས་གསར་པའི་ཐོག་རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་སྐྱོན་བྲལ་སྒོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།