ལིག་ཉིང་གིས་འཐབ་ས་དང་པོའི་ནད་གཡོག་པར་གཟིགས་མོལ་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན་ནི་རྒྱལ་སྤྱིའི་ནད་གཡོག་དུས་ཆེན་ཐེངས109པ་ཡིན། མཚོ་སྔོན་ཞིང་ཆེན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་མཚོ་སྔོན་སློབ་ཆེན་ཟུར་གཏོགས་སྨན་ཁང་དུ་ཕེབས་ནས་འཐབ་ས་དང་པོའི་ནད་གཡོག་པར་གཟིགས་མོལ་འཚམས་འདྲི་གནང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ནད་གཡོག་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 

ལིག་ཉིན་གྱིས་བསྟན་དོན། དུས་ཡུན་རིང་པོའི་ནང་། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ནད་གཡོག་པས་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་དཀའ་སྤྱད་འབད་བརྩོན་བྱས་ལ། ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། རྒྱ་ཆེའི་ནད་གཡོག་པ་རྣམས“ལྷའི་ཕོ་ཉ”ནས་“འཐབ་མོ་བར”གྱུར་ནས། འོས་འགན་ལ་མི་བཤོལ་བར་ལྡོག་སྐྱོད་བྱས་ཤིང་གོས་དཀར་གོ་ཆ་གྱོན་ནས་མངག་བཅོལ་མི་དོར་བར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཤིང་། བྱ་སྤྱོད་དངོས་ཀྱིས“ཚེ་སྲོག་ལ་བཀུར་བསྟི་དང་། སྲོག་སྐྱོབ་རྨས་སྐྱོར་བྱེད་པ། ལེགས་སྐྱེས་འབུལ་ཕོད་པ། གཅེས་སེམས་ཆེན་པོ་བཅིངས་པ”བཅས་ཀྱི་ལས་རིགས་སྙིང་སྟོབས་ལག་ལེན་བསྟར་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་འགན་ལེན་བྱ་ཆེད་བྱས་རྗེས་ཆེན་པོ་བཞག་ཡོད།   

ལིག་ཉིང་གིས་ནན་གྱིས་བསྟན་དོན། ནད་བཅོས་ལས་དོན་ནི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ནད་གཡོག་པ་ནི་འཕྲོད་བསྟེན་བདེ་ཐང་འཐབ་ཕྱོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྒྱ་ཆེའི་ནད་གཡོག་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། ནད་གཡོག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྔོན་ཐོན་དཔེ་བཟང་དྲིལ་བསྒྲགས་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཧྲིལ་པོར་ནད་གཡོག་པར་བརྩི་འཇོག་དང་ཤེས་རྟོགས་བྱེད་པ། ནད་གཡོག་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ། རྒྱ་ཆེའི་ནད་གཡོག་པར་ལས་ཀའི་ཆ་རྐྱེན་དང་ཁོར་ཡུག་སྔར་བས་ཡག་པོ་ཞིག་སྐྲུན་དགོས། རྒྱ་ཆེའི་ནད་གཡོག་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ཞིང་། ནཱན་ཏིང་ཀེར་གྱི་སྙིང་སྟོབས་དང་པའེ་ཆིའུ་ཨེན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཡང་འབད་བསྐྱར་འབད་དང་ལྷག་བསམ་ཟོལ་མེད་ངང་ལེགས་སྐྱེས་ཕུལ་ནས། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། 

ཡན་ཅིན་ཧའེ་དང་ཁོང་ཡུང་མཉམ་དུ་འཚམས་འདྲི་གནང་བར་ཕེབས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།