མཚོ་སྔོན་ཞིང་ཆེན་རིག་གནས་གནས་སྐོར་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ངམ་ཞིང་ཆེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཉིང་གིས་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་དང་པོར་གཙོ་སྐྱོང་གནང་ནས། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་གསན་པར་མ་ཟད། འགོ་ཁྲིད་ཚན་ཆུང་གི《བྱ་བའི་སྒྲིག་སྲོལ》དང《བྱ་བའི་གཙོ་གནད།》 《མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར་ལག་བསྟར་ཇུས་གཞིར》གྲོས་ཞིབ་དང་རྩ་དོན་ཐོག་གྲོས་འཆམ་བྱུང་ནས་རྗེས་ཕྱོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ་རེད།

འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མགོན་པོ་བཀྲ་ཤིས་དང་། ཡན་ཅིན་ཧའེ། ཡུས་ཚུང་ལི། དབྱང་ཧྥིན་ཁྲུན། ཀྲང་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་ལ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། རིག་གནས་དང་ཡུལ་སྐོར་གྱི་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་བཏོད་དེ། འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པར་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དུས་བབ་གསར་པར་རྩོད་སྒྲུབ་ཀྱི་ལྟ་སྟངས་འཛིན་པ། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དམ་འཛིན་གཏིང་ཟབ་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སྒོས་སླར་གསོ་ཡོང་རྒྱུར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། ལས་དོན་གྱི་དམིགས་ཚད་དང་། འཕེལ་རྒྱས་ཀྱི་དམིགས་ཚད། ཡུན་རིང་གི་དམིགས་ཚད་བཅས་སྔར་བས་ཁ་གསལ་བཟོ་བ། གོ་སྐབས་དམ་འཛིན་དང་རང་འགུལ་ངང་བྱས་རྗེས་འཇོག་པ། གསར་གཏོད་ཡར་བརྩོན་བྱེད་པ་བཅས་བྱས་ནས་རང་ཞིང་གི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྨང་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ། ཞན་ཆ་གསབ་པ་དང་ཆད་པ་སྐུང་བ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏོང་བ། ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལ་ཤུགས་སྣོན་པ། ཁོར་ཡུག་བཟང་པོ་གཏོད་པ་བཅས་བྱེད་དགོས། སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་ལ་བརྟེན་ནས་སྤུས་རྟགས་ལ་སྐུལ་འདེད་གཏོང་བ། སྤུས་རྟགས་ལ་བརྟེན་ནས་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས“རབ་མཛེས་ཀྱི་མཚོ་སྔོན་དང་ཡུལ་སྐོར་གྱི་དག་ཞིང”སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་དགོས། རིག་གནས་ཡུལ་སྐོར་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ལས་རྣམ་གསར་གཏོད། སྦས་ཤུགས་སྔོག་འདོན་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཇེ་དྲག་ཏུ་བཏང་ནས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞིའི”སྣེ་ཁྲིད་ལ་ཤུགས་སྣོན་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་དང་ཟུང་འབྲེལ་གྱིས་ཆེད་དོན་འཆར་འགོད་བཟོ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཡུལ་སྐོར་དང་སྣོད་བཅུད་སྲུང་སྐྱོང་དང་། སྲོལ་རྒྱུན་བཟོ་ལས། ཁྱད་ལྡན་རིག་གནས། དེང་རབས་ཞིང་ལས། ས་མཐོའི་ལུས་རྩལ། ས་མཐོའི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན། གྲོང་གསེབ་དར་རྒྱས། ས་མཐོའི་ཁམས་གསོ་སོགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ལས་རྣམ་གསར་པ་རྒྱུན་ཆད་མེད་པར་འཕེལ་བ་དང་། ཁྱབ་ཁོངས་གསར་པ་རྒྱ་ཆེར་གཏོང་བ། སྒུལ་ནུས་གསར་པ་འཕེལ་བར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།