མཚོ་སྔོན་ཞིང་ཆེན་གྱིས“བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་བྱས་ནས་ལས་འགོ་བསྐྱར་ཚུགས་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཕྱི་ཕྱོགས་ལ་གླ་རྒྱག་པར་སྐྱོད་པའི“ལས་ཞུགས་ལ་རོགས་རམ་བྱེད་པའི་བྱ་སྤྱོད”དང་། ངལ་ལས་རྩ་འཛུགས་ཀྱི“ཞབས་ཞུ་མཐོར་གཏོང་གི་བྱ་སྤྱོད”། ལས་མི་བཀོལ་སྤྱོད་དང་ལས་འཚོལ་གྱི“གནད་སྨིན་སྦྲེལ་མཐུད་བྱ་སྤྱོད”། གཙོ་གནད་ཚོགས་སྤྱིའི“ཆེད་མངགས་གདན་ཞུའི་བྱ་སྤྱོད”། དབུལ་བོའི་ངལ་རྩོལ་ནུས་ཤུགས་ཀྱི“ལས་གཏོད་མཛུབ་ཁྲིད་བྱ་སྤྱོད”། ལས་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱི“རྩལ་ནུས་དབུལ་སྐྱོར་བྱ་སྤྱོད”སོགས“བྱ་སྤྱོད་ཆེན་པོ་དྲུག”ལ་བརྟེན་ནས་ལས་ཐོན་བསྐྱར་ཚུགས་དང་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་རེད།

རིགས་སོ་སོའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞི་དང་ངལ་ནུས་བར་ཁེ་བས་ས་ཁུལ་དབུལ་པོར་བསྐྱོད་ནས་དབུལ་པོའི་ངལ་ནུས་ཕྱི་ཕྱོགས་ལ་གླ་རྒྱག་པར་སྐྱོད་མཁན་གྱི་དགོས་མཁོ་དང་འདོད་མོས་ཤེས་རྟོགས་བྱེད་པར་སྐུལ་མ་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་ནང་འདྲེན་བྱ་ཡུལ་གྱི་སྦྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། “གནས་དང་གནས”ཀྱི་ལས་ཞུགས་ཞབས་ཞུ་སྤེལ་བ། དབུལ་བོའི་ངལ་རྩོལ་ནུས་ཤུགས་ལས་ཀར་བསྐྱོད་ནས་འབབ་འཕར་ཡོང་བ་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་དགོས་མཁོར་ནུས་ཤུགས་ཡོད་རྒུས་འགན་ལེན་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

དེ་དང་ཆབས་ཅིག་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ལམ་སྲོལ་ལ་བརྟེན་ནས་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིའི་ཆ་འཕྲིན་དང་ཁྲོམ་རའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ས་ཁུལ་དབུལ་པོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་ངལ་ནུས་ཕྱིར་གཏོང་གི་གཞི་ཁྱོན་ཆེ་རུ་བཏང་ནས་དབུལ་པོའི་ངལ་ནུས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།

དུས་ཐོག་དང་ནུས་ལྡན་གྱི་ལས་མི་བཀོལ་སྤྱོད་ཀྱི་མཁོ་སྤྲོད་འབྲེལ་མཐུད་ཞབས་ཞུར་སྐུལ་འདེད་གཏོང་ཆེད། དམིགས་སའི་རང་བཞིན་ཆེ་བ་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འདོད་བློ་དང་མཐུན་པའི་ལས་གནས་ཆ་འཕྲིན་རྒྱ་ཁྱབ་ངང་འཚོལ་བསྡུ་བྱེད་པ། དབུལ་པོའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་དགོས་མཁོའི་གཞི་གྲངས་མཛོད་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར(ཁུལ)ཁག་གི་སྤྱི་པའི་ལས་ཞུགས་སྡེ་ཚན་གྱིས་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་ས་ཁུལ་དེ་གའི་གཙོ་གནད་ལས་རིགས་དང་། གཙོ་གནད་ཁེ་ལས་དང་ཚན་པའི་ལས་མི་བཀོལ་སྤྱོད་ཀྱི་ཆ་འཕྲིན། ངལ་རྩོལ་ནུས་ཤུགས་ཀྱི་ལས་ཀ་འཚོལ་བའི་དགོས་མཁོ་བཅས་གཅིག་བསྡུ་ཁྱབ་བསྒྲགས་དང་ལྟ་ཞིབ་ཚད་ལེན་གྱི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུར་སྐུལ་ལྕག་བཏང་བ་རེད།

དམིགས་བསལ་གྱི་དུས་སྐབས་སུ། “སྤྲིན་ཚོམས་གདན་ཞུའི”ལེགས་ཆ་ཧ་ཅང་ཆེན་པོ་མངོན་པ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཉིན་བརྒྱའི་དྲ་རྒྱའི་གདན་ཞུའི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཀྱི་དགོས་མཁོ་དངོས་ལ་དམིགས་པ་དང་། དྲ་ཐོག་དབུལ་སྐྱོར་ཆེད་དོན་གདན་ཞུའི་ལས་དོན་སྤེལ་ནས་གཙོ་གནད་ཚོགས་སྤྱིར་དམིགས་སའི་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕེལ་རིམ་གནས་ཚུལ་དང་བསྟུན་ནས་དཀའ་ངལ་ཡོད་པའི་ངལ་ནུས་ལ་དམིགས་པའི་དབུལ་སྐྱོར་ཆེད་དོན་གདན་ཞུའི་བྱེད་སྒོ་དུས་ཐོག་ཏུ་སྤེལ་ནས་དཀའ་ངལ་ཡོད་པའི་ངལ་རྩོལ་པར་སྲིད་ཇུས་དང་། ཆ་འཕྲིན། ལས་གནས་བཅས་མཁོ་སྤྲོད་བྱས་པ་རེད།

ས་ཁུལ་དབུལ་པོར་ལས་གཏོད་མཛུབ་ཁྲིད་དང་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ་དང་ཁོངས་གཏོགས་ཁུལ་གྱི་རིགས་སོ་སོའི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་གསོ་སྦྱོང་གི་ནང་དོན་དང་ཁྲོམ་རའི་དགོས་མཁོ་དང་འཚམ་ཚད་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱས་ཏེ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་རང་ཞིང་གི་ལས་གཏོད་གྲུབ་འབྲས་ཐོབ་པའི་མི་སྣའི་འཐུས་མི་སྒྲིག་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་སྤྱོད་གོ་ཆོད་པའི་རྣམ་པ་སྣ་ཚོགས་དང་སྣ་མང་ཅན་གྱི་ལས་གཏོད་གསོ་སྦྱོང་ཞབས་ཞུ་མཁོ་འདོན་བྱས་ཏེ་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།

ངལ་ནུས་རྩ་འཛུགས་ཅན་གྱི་ཕྱིར་གཏོང་སྤུས་ཚད་མཐོ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་དེང་རབས་ཞབས་ཞུའི་ལས་རིགས་སོགས་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱེད་པ། གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་རྩོལ་ནུས་ཤུགས་ལ་ལས་རིགས་མཛུབ་ཁྲིད་དང་རྩལ་ནུས་གསར་སྤེལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པ། ལས་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་སོགས་ཀྱི་གསོ་སྦྱོང་བྱེད་སྟངས་སྤྱད་དེ་ཧེ་བག་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་དགོས། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།