མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། རེས་སྐོར་གཉིས་པའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་མཚོ་སྔོན་གྱི་འགུལ་སྐྱོད། “འགན་ལེན་དྲུག”ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ནས“བརྟན་བརླིང་དྲུག”ལ་སྐུལ་འདེད་གཏོང་བ། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་པའི་སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་མཛད་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞི”དང“ཆེ་ཤོས་གསུམ”བཅས་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་བཏོན་ནས་ཚུར་ལན་བསམ་འཆར་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་དགོས། དག་ཐེར་བྱེད་ཐབས་ཞིབ་ཕྲ་བཟོས་ནས་ལས་འགན་གྱི་གསལ་ཐོ་དང་། བྱེད་ཐབས་ཀྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ། བླང་བྱའི་གསལ་ཐོ་བཅས་ཕྱོགས་ཡོངས་ནས་བཟོ་བ་དང་། དག་ཐེར་ཡོ་བསྲང་གི་དུས་ཚོད་དང་གོ་རིམ་དམ་འཛིན་ནན་མོ་བྱེད་པ། བསམ་བློའི་ངོས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས། ལས་ཀའི་སྤྱོད་ཚུལ། སྐུལ་འདེད་གཏོང་ཤུགས་སོགས་ཐད་ཀྱི་ཞན་ཆ་དང་མི་འདང་བར་ཆེད་དུ་དམིགས་ཏེ། སྒོ་བྱང་བཀལ་ནས་ལྟ་སྐུལ་ཐག་གཅོད་དང་། ཆེད་དོན་གྱོད་གཞི་ལ་ཆེད་དམིགས་ཀྱིས་སྒྲུབ་པ། དག་ཐེར་ནང་དོན་གཅིག་ལ་བཅོས་སྒྲིག་དང་ཞིབ་བཤེར། ཐག་གཅོད་བཅས་བྱས་ནས་གནད་དོན་དག་ཐེར་ཡོ་བསྲང་ཐད་སྟོང་ཆ་དང་ཆད་ལུས་མེད་པར་ཁག་ཐེག་བྱེད་དགོས། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་གི་འགན་འཁྲི་གཉིས”ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱི་འགན་འཁྲི་དང་། སྡེ་ཚན་གྱི་འགན་འཁྲི། ལས་གནས་ཀྱི་འགན་འཁྲི་བཅས་ཁྱོན་ཡོངས་ནས་ནན་ཏན་དུ་བཏང་སྟེ། དག་ཐེར་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོར་ཡུག་གི་གནད་དོན་གཙོ་བོ་དག་ཐེར་ཡོ་བསྲང་དང་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གྱོད་གཞི་དཔེ་མཚོན་ཅན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཐེ་ཞུགས་དང་ལྟ་སྐུལ་བྱེད་པར་སྐུལ་སློང་བྱེད་དགོས།

ཚོགས་འདུའི་ཐོག་ནན་གསུང་གནང་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གནད་དོན་དང་། དམིགས་ཚད། གྲུབ་འབྲས་བཅས་ཕྱོགས་སྟོན་དུ་འཛིན་པར་མཐའ་འཁྱོངས་བྱེད་པ། ཁུལ་དབྱེ་མཛུབ་ཁྲིད་དང་། གནད་འཕིགས་ཇུས་བསྟར། ཚན་རིག་དང་མཐུན་པའི་དཔྱད་དཔོག དུས་མཉམ་མངོན་འགྱུར་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ཚད་བསྡུར་ཞན་འཚོལ་དང་། འགན་འཁྲི་ཆེར་གཏོང་། དོན་འཁྱོལ་ནན་འཛིན། “དབུལ་སྒྲོལ་གཅིག་དང་ལྡབ་འཕར་གཉིས”ཀྱི་གྲུབ་འབྲས་མུ་མཐུད་དུ་བརྟན་པོར་གཏོང་བ། སྟོབས་ཤུགས་གཅིག་བསྡུས་ཀྱིས“མངོན་འགྱུར་བཞིའི”ཞན་ཆ་གསབ་པ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱས་ཏེ། འཛུགས་སྐྲུན་གྱི་ཕན་འབྲས་ལ་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་ཁག་ཐེག་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། “འགན་ལེན་དྲུག”དེ“བརྟན་ལྷིང་དྲུག”གི་ལས་དོན་ཡག་པོ་སྒྲུབ་པའི་ཤུགས་རྒྱག་སར་བྱེད་པ། བསམ་ཕྱོགས་གསལ་པོ་བཟོ་བ། གནད་འཕིགས་ཇུས་འདོན་བྱེད་པ། འགན་འཁྲི་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པའི་ཁག་ཐེག་བྱེད་དགོས། 

ཚོགས་འདུའི་ཐོག “མི་ཚང་མ་ཤེས་ལྡན་མི་སྣ་ཡིན་པའི”འདུ་ཤེས་འཛུགས་པ་དང་། མི་ཤུགས་ཐོན་ཁུངས་ཀྱི་སྒྲོམ་གཞི་ཇེ་ལེགས་སུ་གཏོང་བ། མཚོ་སྔོན་ངོ་ཤེས་པ་དང་། མཚོ་སྔོན་ངོས་འཛིན་བྱེད་པ། མཚོ་སྔོན་རྒྱུས་ལོན་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། མཚོ་སྔོན་གྱིས་ཤེས་ལྡན་མི་སྣར་མཐོང་ཆེན་བྱེད་པ་དང་ཤེས་ལྡན་ཡོངས་ཀྱིས་མཚོ་སྔོན་ལ་ནུས་ཤུགས་འབུལ་འདོད་པར་བྱེད་དགོས། “ཁྱོན་ཡོངས་ནས་སྒོ་རྒྱག་པའི”སྐྱོན་ཆ་སེལ་ནས་དུས་རབས་ལ་བསྟུན་པ་དང་། ཤེས་ལྡན་མི་སྣའི་འཐབ་ཇུས་འཐུས་ཚང་དུ་གཏོང་བ། ལམ་ལུགས་ཀྱི་འགོག་རྐྱེན་གཙང་སེལ་བཅས་བྱས་ཏེ། ངལ་རྩོལ་ནུས་ཤུགས་དང་ཤེས་ལྡན་མི་སྣ་ལུགས་མཐུན་དང་། དྲང་གཞག ཤར་བགྲོད། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་འཁོར་རྒྱུག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཕྱོགས་གཉིས་ནས་སྙོམས་སྒྲིག་ལེགས་སྒྱུར་བྱེད་དགོས་པ་དང་།  ཚོང་རས་སྣེ་ཁྲིད་དང་སྲིད་གཞུང་གིས་སྣེ་ཁྲིད་བྱེད་པར་སྐུལ་འདེད་བྱེད་དགོས་ཤིང་།  སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་བར་སྟོང་ཆེ་རུ་གཏོང་དགོས། ཤེས་ལྡན་མི་སྣར་ཞབས་འདེགས་ཞུ་བའི་འདུ་ཤེས་བཙུགས་ནས་ཤེས་ལྡན་མི་སྣའི་འཇོན་ཐང་འདོན་སྤེལ་བྱེད་པར་དགོས་ངེས་ཀྱི་ཆ་རྐྱེན་དང་ཁོར་ཡུག་བཟང་པོ་བསྐྲུན་དགོས། “མ་མཐའི་མཚམས་ཐིག་མེད་པར་བཟོ་བའི”འགན་ལེན་ལ་ཤུགས་སྣོན་པ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དོ་ཁུར་བྱས་ཏེ། སྤྱི་ཚོགས་རང་བཞིན་གྱི་འཁོར་རྒྱུག་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན། 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།