མཚོ་སྔོན་​ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་འཚམས་འདྲིའི་འཕྲིན་ཡིག་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ནད་གཡོག་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་འཚམས་འདྲི་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན། “རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན”ལ་ཉེ་བའི་དུས་འདིར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ལྷན་གྱིས་འཚམས་འདྲིའི་ཡི་གེ་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་ནད་གཡོག་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་བྱམས་བརྩེའི་འཚམས་འདྲི་ཞུས་པ་དང་། ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོར་དཀའ་སྤྱད་ངང་ལས་ཀ་སྒྲུབ་སྟེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་བའི་ནད་གཡོག་པ་ཚོར་བླ་ན་མེད་པའི་གུས་འདུད་ཞུས།

འཚམས་འདྲིའི་ཡི་གེའི་ནང་། “5·12”རྒྱལ་སྤྱིའི་ནད་གཡོག་པའི་དུས་ཆེན་དེ་དེང་རབས་ནད་གཡོག་རིག་པའི་སྲོལ་གཏོད་པ་པོ་ནཱན་ཏིང་ཀེར་ལ་དྲན་གསོ་ཞུ་ཆེད་བཙུགས་པ་ཡིན། ནཱན་ཏིང་ཀེར་གྱི་སྙིང་སྟོབས་དེ་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ས་མཐོའི་ས་གཞི་ཆེན་མོར་གཅེས་སེམས་ཀྱི་འོད་ཟེར་འཕྲོ་བཞིན་ཡོད། དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ནད་གཡོག་པས“ཚེ་སྲོག་ལ་བཀུར་བ་དང་། སྲོག་སྐྱོབ་རྨས་སྐྱོར་བྱེད་པ། ལེགས་སྐྱེས་འབུལ་བར་མགུ་བ། གཅེས་སེམས་ཆེན་པོ་ལྡན་པ”བཅས་ཀྱི་སྙིང་སྟོབས་ལ་བརྟེན། ཚེ་སྲོག་གི་སྲུང་སྐྱོང་མཁན་གྱི་ལས་འགན་ཁུར་ནས་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོང་དང་། སྨན་པ་དང་ནད་པའི་བར་ཞི་མཐུན་འབྲེལ་བ་འཛུགས་པ། མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལྷག་པར་དུ་རིམས་ནད་ཚབས་ཆེན་གྱི་འཇིགས་སྐུལ་དང་རང་བྱུང་གནོད་འཚེ་ཚབས་ཆེན་ལ་འགོག་རྒོལ་བྱེད་སྐབས། རྒྱ་ཆེ་བའི་ནད་ཞབས་པ་རྣམས་ཉེན་ཁར་མི་སྐྲག་པ་དང་འགན་འཁུར་ལ་མི་སྐྲག་པ། ཞུམ་པ་མེད་པར་མདུན་དུ་སྐྱོད་ཅིང་གཞན་སྐྱོབ་ཆེད་རང་སྲོག་བློས་གཏོང་ཕོད་པ་བཅས་ལ་སྤྱི་ཚོགས་ཡོངས་ཀྱི་བསྔགས་བརྗོད་ཐོབ་ཅིང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཁས་ལེན་གང་མང་ཐོབ་ཡོད། 

འཚམས་འདྲིའི་ཡི་གེའི་ནང་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ལས་དོན་པ249ཡིས་ཝུའུ་ཧན་ལ་རོགས་སྐྱོར་དུ་འགྲོ་རྒྱུའི་རེ་འདུན་ཞུས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གཡུལ་སའི་ནུས་པ་གཙོ་བོ་ཡིན་པའི་ཆ་ནས། དབུགས་རྒྱུ་མི་ཐུབ་པའི་གྱོན་ཆས་གོན་ཞིང་མིག་སྲུང་མིག་ཤེལ་དང་ཁ་རས་བརྒྱབ་ནས་ཆུ་ཚོད་བཅུ་གྲངས་ལ་བསྟུད་མར་ལས་ཀ་ལས་པ་དང་། དུས་ཀུན་ཏུ་རིམས་ནད་འགོས་སྲིད་པའི་ཉེན་ཁར་མ་འཛེམས་པར་ནུས་ཤུགས་ཡོད་རྒུས་ནད་དུག་འགོག་རྒོལ་བྱས་ཤིང་། དུས་ཚོད་དང་ཚེ་སྲོག་འཕྲོག་པའི་འགྲན་བསྡུར་ནང་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནཱན་ཏིང་ཀེར་གྱི“དཀའ་ཉེན་ལ་མི་སྐྲག་པ་དང་ལེགས་སྐྱེས་འབུལ་བར་མགུ་བ། སྲོག་སྐྱོབ་རྨས་སྐྱོར་བྱེད་པ། རང་སྲོག་བློས་གཏོང་ཕོད་པ”བཅས་ཀྱི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ལག་ལེན་བསྟར་ཡོད།  ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ནད་གཡོག་པས་དམིགས་བསལ་གྱི་ཉིན་མོ་འདིར། ནཱན་ཏིང་ཀེར་གྱི་དམ་བཅའ་དང་རང་ཉིད་ཀྱི་ཕྲག་ཏུ་ཁུར་བའི་བླ་ན་མེད་པའི་འགན་འཁྲི་ཡིད་ལ་བརྟན་པོ་ངེས་ནས་སྔོན་ཐོན་མིག་དཔེར་འཛིན་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་དང་སྐྱེ་སྟོབས་ཀྱིས་ཁེངས་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། ནུས་རྩལ་ཆེར་གཏོང་། ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་བཏང་བཅས་བྱས་ནས། ནད་པ་དང་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་ཞབས་ཞུའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་འཛིན་དགོས། སྔོན་ཐོན་གྱི་ནད་སྐྱོང་འདུ་ཤེས་དང་ཕུལ་བྱུང་གི་ནད་སྐྱོང་ལག་རྩལ། སྤུས་ལེགས་ཀྱི་ནད་སྐྱོང་ཞབས་ཞུ་བཅས་ལ་བརྟེན་ནས་ཟོལ་མེད་དང་གཅེས་སེམས་དེ་ནད་པ་རེ་རེར་ལེགས་སྐྱེས་ཕུལ་ཞིང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་བཞག་སྟེ་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། ཞིང་ཆེན་ཡོངས་ཀྱི་ནད་གཡོག་པའི་སྐུ་གཟུགས་བདེ་ཐང་དང་། བྱ་བ་ལམ་འགྲོ། དུས་ཆེན་སྤྲོ་སྐྱིད་ལྡན་པར་སྨོན། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།