མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་འཛིན་གྲྭའི་སློབ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིའི་ཆོས་ལུགས་སྲིད་ཇུས་སློབ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་སློབ་མ་ཡོངས་ལ་འཚམས་འདྲི་དང་གསུང་བཤད་གནང་བ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་སློབ་འགོ་བརྩམས་པའི་མཛད་སྒོར་གཙོ་སྐྱོང་གནང་བ་རེད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་སློབ་གླིང་གི་གླིང་གཙོ་རིན་ཆེན་རྣམ་རྒྱལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཚོས་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས། ནང་བསྟན་རིག་གནས་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྲིད་ཇུས་ནི་མི་ཚུལ་ལྡན་ཞིག་བྱེད་པ་དང་བྱ་བ་སྒྲུབ་པའི་ཚད་གཞི་དང་དབྱེ་མཚམས་ཡིན་པ་དང་། སངས་རྒྱས་ཆོས་ལུགས་ནི་སེམས་གཏིང་ནས་དད་པ་བྱེད་ཡུལ་ཞིག་ཡིན་ལ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ནི་གོ་རྟོགས་དོན་གཉེར་བྱེད་མཁན་ཡིན། གོ་རྟོགས་དོན་གཉེར་བྱེད་མཁན་གྱིས་གོ་རྟོགས་ཡོད་པའི་བྱ་བ་སྒྲུབ་པ། རང་ཉིད་ལ་ལྟ་སྟངས་ཡང་དག་འཛིན་པ། ཆོས་ལུགས་ལ་ལྟ་སྟངས་ཡང་དག་འཛིན་པ། སྤྱི་ཚོགས་ལ་ལྟ་སྟངས་ཡང་དག་འཛིན་པ། རང་བྱུང་ཁམས་ལ་ལྟ་སྟངས་ཡང་དག་འཛིན་པ། དད་ལྡན་མང་ཚོགས་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱེད་དགོས་པ་མ་ཟད། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་། དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་གོང་བུ་གཅིག་ཏུ་སྒྲིལ་བ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ཆབ་སྲིད་ཐད་ཡིད་ཆེས་བྱེད་པ། ཆོས་ལུགས་ཐད་སློབ་ལ་བརྩོན་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་བ་ཐོན་པ་བཅས་ཀྱི་སྐྱེས་ཆེན་དམ་པ་ཞིག་བྱེད་དགོས་ཞེས་བསྟན།   

མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་བོད་བརྒྱུད་ནང་བསྟན་ས་གནས་ཅན་དང་ཀྲུང་གོ་ཅན་དུ་འགྱུར་བའི་གནད་གཙོ་བོ་ཡིན་པའི་ངོས་ནས། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་ཀྱི་རྨང་གཞི་ཟབ་མོ་དང་སྤྱི་ཚོགས་ཀྱི་ལེགས་ཆ་ཟབ་མོ་ལྡན་ཡོད། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མི་ཚོས་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་དང་ལས་འགན་ལ་ངོ་མི་གནོང་བ་བྱས་ཏེ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་བརྩི་སྲུང་བྱས་ཏེ། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》ལག་བསྟར་དོན་འཁྱོལ་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་མིག་དཔེ་སྟོན་དགོས། ཆབ་སྲིད་ཐད་ཡིད་ཆེས་ཆོག་པ་དང་། ཆོས་ལུགས་ཐད་སློབ་ལ་བརྩོན་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། གནད་འགག་གི་དུས་སུ་ནུས་པ་ཐོན་པའི“ཚད་གཞི་བཞི”ཡི་མི་ཚེའི་དམ་ཚིག་དང་། བསམ་བློའི་བྱང་ཚད། བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་སུ་བརྩིས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བདེ་འཇགས་བཅས་ཡོང་ཆེད་ལེགས་སྐྱེས་གསར་བ་འབུལ་དགོས་ཞེས་བསྟན།    །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།