​མཚོ་སྔོན་ཞིང་ཆེན་གྱི་ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་མཉམ་ལས་ལམ་སྲོལ་བཙུགས་ནས་ཐུན་མོང་ཐོག་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཤུགས་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཞིབ་དཔྱོད་ཁང་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་《བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ལས་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ལས་ཀའི་བྱེད་ཐབས་ལྔ》ལ་མིང་རྟགས་བཀོད་དེ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་བྱས་ནས། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འགན་ནུས་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ་ཐུན་མོང་ཐོག་ཞིང་ཆེན་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཤུགས་བསྣན་པ་རེད།

《བྱ་ཐབས》ནང་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་གི་མཉམ་ལས་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་དགོས་པའི་བླང་བྱ་བཏོན། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བུད་མེད་དང་བྱིས་པའི་དམངས་དོན་དང་སྲིད་འཛིན་སོགས་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གྱོད་གཞིའི་ཁུངས་སྣེ་དུས་ཐོག་ཏུ་རིམ་མཚུངས་ཞིབ་དཔྱོད་ཁང་ལ་སྐྱེལ་དགོས་པ་དང་། དེ་དང་ཆབས་ཅིག་ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཐུན་མོང་ཐོག་ནར་མ་སོན་པའི་མིར་བཙན་གནོད་སྔོན་འགོག་དང་བྱིས་པ་བུ་མོའི་མི་ལུས་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ཏེ། ལས་ཞུགས་ཐད་ཕོ་མོའི་ཕྱོགས་རིས་བཟུང་ནས་མཐོང་ཆུང་བྱེད་པའི་དོགས་གཞི་ཡོད་པར་དམིགས་ཏེ་ཞིབ་དཔྱོད་ལས་ཁུངས་རིམ་པ་ཁག་གིས་ཞིབ་དཔྱོད་གྲོས་འགོ་འདོན་པའམ་ཡང་ན་སྤྱི་ཕན་གཏུག་བཤེར་བྱས་ཆོག་པའི་བླང་བྱ་བཏོན།

ཐོན་ཁུངས་ཟླ་སྒྲིལ་དང་རྣམ་གྲངས་མཉམ་ལས་ལ་ཤུགས་སྣོན་པར་རྩ་འཛུགས་བྱས་ཏེ་ཐུན་མོང་ཐོག་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་དགོས། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ནར་མ་སོན་པའི་མིར་སློབ་གསོའི་གསོ་སྦྱོང་དང་ལྟ་སྐྱོང་ལས་རིགས་སོགས་ཀྱི་ལས་ཐོག་འདྲི་རྩད་དང་ལས་ཞུགས་ཚོད་འཛིན་ལམ་ལུགས་དོན་འཁྱོལ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

བུད་མེད་དང་བྱིས་པའི་ཁེ་ཕན་ལ་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ཞིབ་དཔྱོད་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་བརྩོན་ལེན་བྱེད་པར་ཧུར་ཐག་བྱས་ཏེ། ཡིག་སྐུར་ངོ་བཅར་བྱེད་གནས་དང་། 12338དབང་སྲུང་ཐད་སྦྲེལ་ཁ་པར། བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ཞབས་ཞུའི་ས་ཚུགས། བུད་མེད་ཀྱི་ཁྱིམ་ཚང་དང་། བྱིས་པའི་ཁྱིམ་ཚང་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། བུད་མེད་དང་བྱིས་པའི་ཁེ་དབང་ལ་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་པའི་སྲིད་ཇུས་འཐུས་ཚང་ཡོང་བར་སྐུལ་འདེད་གཏོང་དགོས།

དུས་བཅད་གྲོས་མོལ་ལམ་སྲོལ་བཙུགས་ནས་ལས་ཀའི་གནས་ཚུལ་ཤེས་རྟོགས་བྱེད་དགོས། ཞིབ་དཔྱོད་ལས་ཁུངས་ཀྱིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་མཉམ་དུ་འབྲེལ་གཏུག་ལམ་ལུགས་བཙུགས་པ་དང་། འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་གཞན་དག་དང་འབྲེལ་གཏུག་བྱེད་པ། བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་མཉམ་འགོག་དང་སྲུང་སྐྱོང་བྱེད་པ། སྤེལ་རེས་ལམ་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱེད་པ། དཔུང་སྡེའི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། འགན་འཁྲི་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།