མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འོས་འགན་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན། མཚོ་སྔོན་ཞིང་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཉམ་འབྲེལ་སྒོས《སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་འོས་འགན་སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་འདེགས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དཔར་འགྲེམ་བྱས་པ་རེད། 《ཇུས་གཞིར》ཁྱོན་ཁག་དྲུག་ལ་དབྱེ་ཡོད་པ་དང་། དེ་དག་ནི་ཤུགས་ཆེན་པོས་བྱང་ཚད་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། སློབ་ཁང་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སློབ་གྲྭའི་དོ་དམ་སྤུས་ཚད་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པ། སློབ་ཁྲིད་དང་ཚན་ཞིབ་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་སྲུང་བྱེད་ཐབས་བཅས་རེད།

《ཇུས་གཞིའི》ནང་། ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་ལུས་རྩལ་སློབ་ཚན་གྱི་ཚད་གཞི་དོན་འཁྱོལ་བྱས་ནས་སློབ་མའི་ཉིན་རེའི་ཆུ་ཚོད་གཅིག་གི་སློབ་གྲྭའི་ལུས་རྩལ་བྱེད་སྒོ་འགན་ལེན་བྱེད་པ་དང་། གཟུགས་གཞི་བདེ་ཐང་དང་ལུས་རྩལ་རྩལ་ནུས་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་ལ་གདེང་འཇོག་བྱེད་པའི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། ལུས་རྩལ་ལ་ཟབ་སྦྱོང་བྱེད་མི་དགོས་པའི་སློབ་མ་ཕུད་གཟུགས་གཞི་བདེ་ཐང་ཚད་ལྡན་གྱི་ཚད་གཞིར་སླེབས་མེད་རིགས་ལ་སློབ་ཐོན་ལག་ཁྱེར་སྤྲད་མི་ཆོག རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་སློབ་ཚན་གྱི་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞི་དོན་འཁྱོལ་ནན་པོ་བྱེད་པ་དང་། སློབ་ཚན་ཆ་ཚང་བ་དང་སློབ་ཡུན་ལོན་པ། སློབ་ཚན་ཉུང་དུ་གཏོང་བ་དང་སློབ་ཁྲིད་ཀྱི་མྱུར་ཚད་མགྱོགས་སུ་གཏོང་མི་ཆོག རོལ་དབྱངས་དང་། མཛེས་རྩལ། ཡིག་གཟུགས་སོགས་ཀྱི་སློབ་ཚན་དོན་འཁྱོལ་ནན་པོ་བྱེད་པ་དང་། སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་སློབ་ཚན་བཀོད་སྒྲིག་བྱེད་པ། སློབ་མའི་སྒྱུ་རྩལ་ཚོགས་པ་འཛུགས་པ། སློབ་མས་སྒྱུ་རྩལ་གྱི་དགའ་ཕྱོགས་དང་རྩལ་ནུས་ཁག1ནས2བར་ཁོང་དུ་ཆུད་པར་བྱེད་པ། ཞབས་ཞུ་ཉོ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཆེད་ལས་སྒྱུ་རྩལ་གྱི་ཤེས་ལྡན་མི་སྣ་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་བྱེད་པར་ཡོང་རྒྱུར་འགུག་པ། ལོ་རིམ་མི་འདྲ་བའི་སློབ་མའི་ལུས་སེམས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ངལ་རྩོལ་སློབ་གསོའི་ཇུས་གཞི་དང་སློབ་ལོ་ལོན་པའི་འཆར་གཞི་བཟོ་དགོས། གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ། འབྲོག་ཁུལ་བཅས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ངལ་རྩོལ་སློབ་གསོའི་ཚོད་ལྟའི་རྟེན་གཞི་ཁག་ཅིག་གསར་འཛུགས་བྱ་དགོས། ངལ་རྩོལ་སློབ་གསོའི་སློབ་ཚན་དེ་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་ཕྱེད་ཀ་ལས་ཉུང་མི་རུང་ཞིང་། སློབ་མའི་ཁྱད་པར་ལ་བརྩི་འཇོག་བྱས་ཏེ། སྣོད་བསྟུན་སློབ་ཁྲིད་རྒྱུན་འཁྱོངས་དང་། ཁྱད་པར་ཅན་གྱི་སློབ་ཁྲིད་དང་བྱེ་བྲག་ཅན་གྱི་མཛུབ་སྟོན་ལ་མཐོང་ཆེན་བྱས་ཏེ། བློ་འབྱེད་ཅན་དང་། རྩད་ཞིབ་ཅན། གྲོས་བསྡུར་ཅན། ཐེ་ཞུགས་ཅན་བཅས་ཀྱི་སློབ་ཁྲིད་སྤེལ་ཏེ། སློབ་མ་མི་འདྲ་བའི་སློབ་སྦྱོང་གི་དགོས་མཁོ་བསྐང་དགོས། སློབ་གསོ་ཆ་འཕྲིན་ཅན་གྱི་བྱ་སྤྱོད་འཆར་གཞི2.0ལག་བསྟར་བྱས་ཏེ་གྲངས་འཛིན་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཇེ་མགྱོགས་སུ་བཏང་ནས་ཆ་འཕྲིན་ལག་རྩལ་དེ་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་མི་སྣ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་བྱེད་པ། གྲོང་ཁྱེར(ཁུལ)སློབ་གསོའི་སྡེ་ཚན་གྱིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་གུང་སེང་གཏོང་བ་དང་སློབ་འགོ་ཚུགས་པའི་དུས་ཚོད་ཚད་ལྡན་དུ་གཏོང་བ། སློབ་གསོའི་སློབ་ཁྲིད་གཟའ་འཁོར་གྱི་གྲངས་ཀ་དོན་འཁྱོལ་བྱ་རྒྱུའི་འགན་འཁུར་དགོས། རྒྱལ་ཁབ་ཀྱི་སློབ་ཚན་འཆར་གཞི་ལག་བསྟར་ནན་པོ་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པའི་སློབ་གཞི་སྤྱད་དེ་ས་གནས་ཀྱི་སློབ་ཚན་དང་སློབ་གྲྭའི་སློབ་ཚན་གྱིས་རྒྱལ་ཁབ་ཀྱི་སློབ་ཚན་གྱི་ཚབ་བྱེད་རིགས་གཏན་འགོག་བྱེད་དགོས།

《ཇུས་གཞིའི》ནང་ནན་བཤད་བྱས་དོན། རྒྱུགས་འབྲས་དང་། ཁྱད་ཡོན་ལྡན་པའི་སློབ་མ། ངོ་རྒྱུགས། ཚད་ལེན་དཔྱད་བསྡུར་སོགས་ཀྱི་མིང་ཐོག་ནས་སློབ་མ་འདེམས་པ་དང་། སློབ་མ་སྔ་སྣུར་གྱིས་བསྡུ་བ་དང་། རྒྱུགས་ལེན་སློབ་བསྡུ། སྲིད་འཛིན་ས་ཁོངས་ལས་བརྒལ་ནས་སློབ་མ་བསྡུ་བ། དེ་བཞིན་སློབ་གྲྭ་འདེམས་པའི་སྣང་ཚུལ་གཏན་འགོག་བྱེད་དགོས། སྐབས་བསྟུན་འཛིན་གྲྭ་བཙུགས་ནས་མིང་གང་རུང་གི་ཐོག་ནས་གཙོ་གནད་འཛིན་གྲྭ་དང་ཚོད་ལྟའི་འཛིན་གྲྭ་འཛུགས་རྒྱུ་གཏན་འགོག་བྱེད་དགོས། འབྲིང་རྒྱུགས་སློབ་བསྡུའི་ལམ་ལུགས་སྒྱུར་བཅོས་ལ་བརྟན་བརླིང་སྒོས་སྐུལ་འདེད་གཏོང་བ་དང་། དམའ་རིམ་སློབ་འབྲིང་གི་སྦྱོང་ཚན་ཆུ་ཚད་རྒྱུགས་ལེན་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ལག་བསྟར་བྱེད་པ། སློབ་ཚན་ཡོངས་ཀྱི་རྒྱུགས་ལེན་འགོ་ཚུགས་པ། དབྱིན་ཡིག་གི་ཉན་བཤད་ཚོད་ལྟ། དངོས་ལུགས་དང་། རྫས་འགྱུར། སྐྱེ་དངོས་དངོས་བཤེར་བཀོལ་སྤྱོད་བཅས་དང་། དེ་བཞིན་ལུས་རྩལ་དང་བདེ་ཐང་བཅས་ཚང་མ་སྐར་རྩིས་སློབ་ཚན་ནང་འཇུག་དགོས། རྒྱུགས་ལེན་གྱི་དུས་ཚོད་གཅིག་གྱུར་དང་། རྒྱུགས་བླངས་པའི་མཇུག་འབྲས་བཀོལ་སྤྱོད་གཅིག་གྱུར་བྱེད་པ། རིམ་བཞིན་བརྗོད་གཞི་གཅིག་གྱུར་དང་ཚད་གཞི་གཅིག་གྱུར་བཅས་བྱ་དགོས། 2022ལོར་སླེབས་སྐབས་དམའ་རིམ་སློབ་འབྲིང་གི་སྦྱངས་འབྲས་ཆུ་ཚད་ལ་གཞིགས་པ་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་དང་ཟུང་འབྲེལ་བྱེད་པའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་རྒྱུགས་སྤྲོད་སློབ་བསྡུའི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་དང་། དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་དང་མཐོ་རིམ་སློབ་གསོའི་ཁྲོད་ཀྱི་དབུས་ནུབ་རྒྱུད་ཀྱི་སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི་དང་། པུའུ་དང་ཞིང་ཆེན་མཉམ་སྐྲུན། ཞིང་ཆེན་དང་སློབ་གྲྭ་མཉམ་སྐྲུན་སོགས་ཀྱི་ལས་སྟེགས་ལམ་སྲོལ་ལ་བརྟེན་ནས། “ཕྱི་རུ་སྐྱོད་པ”དང“ནང་དུ་གདན་འདྲེན་ཞུ་བ”ཟུང་འབྲེལ་བྱས་ཏེ། དགེ་རྒན་དཔུང་ཁག་གི་སློབ་ཁྲིད་ཆུ་ཚད་དང་ནུས་པ་མཐོར་འདེགས་ཇེ་མགྱོགས་སུ་གཏོང་དགོས། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་ལས་བཟོ་པའི་སྒྲིག་ཁོངས་བསྡོམས་འབོར་ནང་དམིགས་བསལ་སློབ་གསོའི་སློབ་གྲྭའི་དགེ་རྒན་འདང་ངེས་བཀོད་སྒྲིག་ཆ་ཚང་བྱེད་དགོས། ཏང་སྲིད་ལས་ཁུངས་རིམ་པ་ཁག་གིས་དགེ་རྒན་སྐོང་གཡར་དང་སྐོང་འཐེན་བྱས་ཏེ་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་པའི་ལས་ཀ་བྱེད་རིགས་གཏན་འགོག་དང་། སྒྲིག་ཁོངས་བཀག་ཉར་གཞན་སྤྱོད་བྱེད་པའམ་སྒྲིག་གྲངས་ཡོད་ཀྱང་ཁ་གསབ་མི་བྱེད་པ་གཏན་འགོག་བྱ་དགོས། །  

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།