མཚོ་སྔོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གླིང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་བོད་རྒྱུད་ནང་བསྟན་སློབ་གླིང་གི་སྒོ་བྱང་ཕྱེ་བའི་མཛད་སྒོ་ཁྲི་ཀ་རྫོང་དུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་མཛད་སྒོར་ཞུགས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཤིས་ཚིག་གནང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་སློབ་གླིང་གི་ཡོན་ཀྲང་རིན་ཆེན་རྣམ་རྒྱལ་གྱིས་མཛད་སྒོར་འགོ་འཛིན་གནང་། 

དབྱང་ཀྲི་ཝུན་གྱིས་ཤིས་ཚིག་གནང་སྐབས་བསྟན་དོན། སྒོ་བྱང་འདི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཕྱག་བྲིས་མཛད་དེ་ཕུལ་བ་ཡིན་ལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་མེས་རྒྱལ་ལ་གཅེས་སེམས་བཅངས་ཤིང་། མི་དམངས་ལ་བརྩེ་སེམས་བཅངས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། བོད་ཁུལ་འཆམ་མཐུན་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བ་དང་། བོད་རྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་གཏོང་བར་ནུས་ཤུགས་ཡོད་རྒུས་བྱས་རྗེས་བཞག་ནས། མི་རབས་གསར་བའི་བོད་རྒྱུད་ནང་བསྟན་གྱི་ཕུལ་བྱུང་སློབ་དཔོན་ཀྱི་བླ་ན་མེད་པའི་ཉམས་འགྱུར་གང་ལེགས་ཀྱིས་མངོན་ནས་བོད་རྒྱུད་ནང་བསྟན་སྡེའི་འཐུས་མི་རྣམས་ཀྱི་སློབ་སྦྱོང་བྱེད་སའི་དཔེ་མཚོན་ཏུ་གྱུར་ཡོད།  

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ནང་བསྟན་སློབ་གླིང་གི་དགེ་སློབ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་བོ་དང་འཇལ་འཕྲད་གནང་སྐབས་བཏོན་པའི་རེ་བ་དང་བླང་བྱ་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱེད་དགོས་ལ། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བཀའ་སློབ་ནན་ཏན་གྱིས་བརྩི་སྲུང་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། བོད་རྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་དང་། བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས། རང་རྟོགས་ངང་ཆོས་ཁྲིམས་དང་སྡོམ་ཁྲིམས་བརྩིས་ཤིང་ཧུར་ཐག་གིས་སློབ་སྦྱོང་བྱས་ནས་རིག་གནས་ཡོན་ཚད་དང་ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཧུར་ཐག་གིས་བསྟན་པའི་དགོངས་དོན་འཆད་འགྲེལ་བྱས་ནས་བོད་རྒྱུད་ནང་བསྟན་གྱི་དགེ་སྒྲུབ་སྡིག་སྤོང་དང་འདྲ་མཉམ་བཟོད་བསྲན། དབུལ་སྐྱོར་རྒུད་སྐྱོབ་སོགས་ཀྱི་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་ཤུགས་ཆེན་བཏང་སྟེ་བོད་རྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་སྔར་བས་ཡག་པོ་བྱས་ནས། དབུལ་ཐར་འགག་སྒྲོལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྔར་བས་འབྱོར་ཕྱུག་དང་ཤེས་དཔལ། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་ཆེད་དྲང་ནུས་བརྒྱུད་སྤྲོད་དང་ལེགས་སྐྱེས་གསར་པ་འབུལ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།