མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ལྔ་གཅིག་དུས་ཆེན་སྐབས་ཀྱི་བདེ་འཇགས་ཚོད་འགོག་བྱ་བ་བཀོད་སྒྲིག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་བརྡ་སྦྱོར་སྤེལ་ནས། ལྔ་གཅིག་དུས་ཆེན་སྐབས་ཀྱི་བདེ་འཇགས་ཚོད་འགོག་བྱ་བ་བཀོད་སྒྲིག་བྱས་པ་མ་ཟད། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་འཇགས་ཚོད་འགོག་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་བདེ་འཇགས་ཚོད་འགོག་གི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། འཕྲལ་བསྟུན་གྲ་སྒྲིག་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། རིགས་མི་འདྲ་བའི་དོན་རྐྱེན་དང་གནོད་འཚེ་སྣ་ཚོགས་བཀག་འགོག་དང་ཁ་གཏད་འཇལ་བ་དང་། མི་དམངས་མང་ཚོགས་བདེ་འཇགས་ངང་དུས་ཆེན་ལ་རོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གཙོ་གནད་ས་ཁུལ་དང་ལས་རིགས་གཙོ་བོའི་ཁྱབ་ཁོངས། སྡེ་ཁག་གཙོ་བོ་འབུར་དུ་ཐོན་པར་བྱས་ནས། བདེ་འཇགས་འགོག་སྲུང་བྱེད་ཐབས་ལག་བསྟར་ནན་མོ་བྱེད་དགོས། གནས་སྐོར་ལྗོངས་རྒྱུ་ཁུལ་གྱི་བདེ་འཇགས་ཉེན་ཁ་རྩད་ཞིབ་བྱེད་པར་ཤུགས་སྣོན་པ་དང་། དུས་ཚོད་གཙོ་བོའི་མི་སྣའི་སྤྱིའི་གྲངས་ཀར་ཚོད་འཛིན་ནན་མོ་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་ཁེ་ལས་དང་རླངས་འཁོར། ལམ་མཚམས་གཙོ་བོའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། རིགས་མི་འདྲ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་འགལ་ལུགས་འགལ་སྤྱོད་ཚུལ་ལ་ཐག་གཅོད་ནན་མོ་བྱེད་དགོས། སྨན་བཅོས་དང་ལོགས་བཀར་མགྲོན་ཁང་སོགས་རིམས་ནད་དང་འབྲེལ་བའི་ཡུལ་གནས་ཀྱི་བདེ་འཇགས་ལ་དོ་དམ་ཚོད་འཛིན་ནན་མོ་བྱེད་པ་དང་། ཚོང་ར་དང་ཡུལ་གནས་གཙོ་བོའི་བདེ་འཇགས་ཞིབ་བཤེར་ལ་ཤུགས་བསྣན་ནས། བཟོ་སྐྲུན་དང་མེ་གསོད་བདེ་འཇགས་ཉེན་ཁར་རྩད་ཞིབ་བཅོས་སྐྱོང་བྱེད་དགོས། ལས་ཐོན་སླར་གསོ་བྱས་པའི་ཁེ་ལས་ཀྱི་བདེ་འཇགས་མཛུབ་སྟོན་ཞབས་ཞུ་ལ་ཤུགས་བསྣན་ནས། དོན་རྐྱེན་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་དགོས། རྡོ་སོལ་གཏེར་ཁུངས་དང་ཉེན་ཁ་ཆེ་བའི་རྫས་འགྱུར་ཐོན་རྫས། འཛུགས་སྐྲུན་ལས་གཞི། གྲོང་རྡལ་གྱི་སོལ་རླངས། དམིགས་བསལ་སྒྲིག་ཆས་སོགས་ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་རྩད་ཞིབ་ཐག་གཅོད་དང་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ནས། རིགས་མི་འདྲ་བའི་དོན་རྐྱེན་ལ་འགོག་རྒོལ་བྱེད་དགོས། ཆུ་ལོག་དང་ཐན་པ་འགོག་པའི་བྱ་བའི་གྲ་སྒྲིག་ལ་ཤུགས་སྣོན་པ་དང་། སྒོ་ཕྱིའི་མེ་བཀོལ་དོ་དམ་ཚོད་འཛིན་གཏན་ཁེལ་ལག་བསྟར་ནན་མོ་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སོགས་རང་བྱུང་གནོད་འཚེ་འགོག་སྲུང་དང་ཁ་གཏད་འཇལ་བར་ཤུགས་སྣོན་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ལས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་སྔོན་རྩིས་ཉེན་བརྡ་དང་འཕྲལ་བསྟུན་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གནོད་འཚེ་རང་བཞིན་གྱི་གནམ་གཤིས་ལྟ་ཞིབ་དང་སྔོན་བརྡ་ཉེན་བརྡའི་བྱ་བར་ཤུགས་སྣོན་པ། དུས་ཐོག་ཏུ་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ། ཁེ་ལས་དང་སྤྱི་ཚོགས་ཡོངས་ཀྱི་ཚོད་འགོག་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། དུས་ཆེན་སྐབས་ཀྱི་ལས་རེས་ལ་ཤུགས་སྣོན་པ་དང་འགོ་ཁྲིད་ལས་བྱེད་པ་ལས་རྐང་སྟེང་ཞུགས་པ་དང་། ལས་རྐང་གཙོ་བོའི་དུས་ཚོད་ཉེར་བཞིའི་ལམ་ལུགས་དང་དོན་རྐྱེན་གནོད་འཚེ་ཆ་འཕྲིན་སྙན་ཞུ་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་གསོད་མྱུར་སྐྱོབ་རུ་ཁག་དང་རིགས་མི་འདྲ་བའི་སྤྱི་ཚོགས་རོགས་སྐྱོར་སྟོབས་ཤུགས་འཕྲལ་བསྟུན་དང་གྲ་སྒྲིག་རྣམ་པའི་ཁྲོད་ཞུགས་ནས། དོན་རྐྱེན་བྱུང་བ་དང་ཉེན་ཁ་ཡོད་དུས་མྱུར་དུ་དང་ལེན་བྱེད་པ་དང་ཁ་གཏད་བཟང་བོ་འཇལ་བ། དུས་ཐོག་ཏུ་ཐག་གཅོད་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།