མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བྱིས་གཉོར་ཁང་སྒོ་ཕྱེ་བའི་དུས་ཚོད་གཏན་འཁེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས29ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་བཅུ་དྲུག་པ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་མ་ཅ་པེན་གྱིས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མགོ་བརྩམས་ནས་སློབ་ཁྲིད་སླར་གསོ་བྱས་ཚུལ་དང་བྱིས་གཉོར་ཁང་གི་སློབ་མགོ་རྩོམ་པའི་བྱ་བའི་སྐོར་གྱི་བཀོད་སྒྲིག་བརྡ་ཁྱབ་བཏང་།

གཅིག   ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མགོ་བརྩམས་པའི་སློབ་ཁྲིད་སླར་གསོའི་གནས་ཚུལ།

ཟླ་4ཚེས་1ཉིན་ནས་བཟུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭས“གཅིག་གྱུར་འཆར་འགོད་དང་ཧུར་ཐག་གིས་སྐུལ་འདེད་གཏོང་བ། དུས་བབ་དང་བསྟུན་པ། སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག”གི་རྩ་དོན་གཞིར་བཟུང་ནས། སློབ་གྲྭ་དང་ཆེད་ལས། ལོ་རིམ་བཅས་དབྱེ་ནས་མིང་ཐོ་འགོད་པའི་བྱེད་ཐབས་སྤྱད་དེ་གཅིག་རྗེས་གཉིས་མཐུད་ངང་སློབ་མགོ་ཚུགས་ཤིང་། ཟླ་4ཚེས་15ཉིན་བར་མཐོ་རིམ་སློབ་གྲྭ་12ཚང་མ་སློབ་འགོ་བརྩམས་པ་དང་། ཟླ་4ཚེས་28ཉིན་བར་སློབ་མའི་སྤྱིའི་ཆ་ནས་འབྱོར་ཐོ་བཀོད་ཚད་98.64%ཟིན་ཡོད་པ་རེད། སློབ་མགོ་ཚུགས་པའི་བྱ་བ་ཧྲིལ་པོ་བརྟན་འཇགས་ཡིན་པ་དང་དགེ་སློབ་ཀྱི་བསམ་པའི་ཉམས་འགྱུར་ཡག་པོ་ཡོད་པས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭས་རྒྱལ་ཡོངས་སུ་བདེ་འཇགས་དང་། བརྟན་འཇགས། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་སྔོན་ལ་སློབ་མགོ་ཡག་པོ་ཞིག་བརྩམས་ཡོད་པ་རེད།

མིག་སྔར་མཐོ་རིམ་སློབ་གྲྭ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས་བྱ་བའི་གཙོ་གནད་དེ་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་སྲུང་སྐྱོང་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐོག་རིམ་བཞིན་བསྒྱུར་ཏེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་འཆར་གཞི་དང་ཚོད་ལྟ། དངོས་སྦྱོང་སོགས་ལག་ལེན་གྱི་སློབ་ཁྲིད་བྱེད་སྒོ་ལེགས་སྒྲིག་བྱས་ནས་དུས་ཚོད་ཁ་གསབ་དང་ནར་འགྱངས་བྱས་པའི་སློབ་ཚན་གྱི་རྗེས་སྙེག་ཐུབ་པ་བྱ་རྒྱུ་རེད། གཞན་ཡང་ད་ལོའི་དམིགས་བསལ་དུས་བབ་དང་ཟུང་འབྲེལ་གྱིས་སློབ་ཐོན་སློབ་མའི་འབྲེལ་ཡོད་བྱ་བ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་རྩ་འཛུགས་ཡག་པོ་བྱེད་པ་དང་། སློབ་ཐོན་ཇུས་འགོད་དམ་ཡང་ན་སློབ་ཐོན་དཔྱད་རྩོམ་གྱི་ལས་ཀའི་འཕེལ་རིམ་ལེགས་སྒྲིག་འོས་འཚམ་བྱེད་པ། དཔྱད་རྩོམ་གྱི་གྲ་སྒྲིག་རྩོད་ལན་དང་དཔྱད་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ནས། སློབ་ཐོན་སློབ་མས་མུ་མཐུད་དུ་སློབ་རིམ་འཕར་ནས་ཟབ་སྦྱོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་རེད། འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ་དང་། ཞབས་ཞུ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་མཐོ་རིམ་སློབ་ཐོན་སློབ་མའི་ལས་ཞུགས་བྱ་བ་ཡག་པོར་བསྒྲུབ་དགོས།

གཉིས། བྱིས་གཉོར་ཁང་གི་སློབ་མགོ་རྩོམ་པའི་བྱ་བའི་བཀོད་སྒྲིག

མིག་སྔར། ཞིང་ཆེན་ཡོངས་ཀྱི་རིམས་ནད་གནས་ཚུལ་རྒྱུན་མཐུད་དང་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་པ་དང་། བྱིས་གཉོར་ཁང་དང་ལྷག་པར་དུ་དམངས་བཙུགས་བྱིས་གཉོར་ཁང་གི་སྒོ་དབྱེའི་འདུན་པ་ཆེན་པོ་ཡོད་པས། བྱིས་པའི་ཁྱིམ་བདག་མང་པོ་ཞིག་གིས་བྱིས་གཉོར་ཁང་གི་སྒོ་ཕྱེ་འདོད་ཡོད་པ་མ་ཟད། ལས་ཀ་སླར་གསོ་དང་བསྐྱར་དུ་ཐོན་སྐྱེད་བྱེད་པའི་ནང་ཧུར་ཐག་གིས་ཞུགས་ཡོད། སྤྱི་ཚོགས་ཀྱི་དོ་ཁུར་དང་དགོས་མཁོར་བརྡ་ལན་སྤྲོད་ཆེད། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་དུས་བབ་ཞིབ་འཇུག་བརྡར་གཅོད་བྱས་པ་བརྒྱུད། ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་རིམས་ནད་རྒྱུན་མཐུད་བརྟན་པོ་དང་བདེ་འཇགས་བྱ་ཐབས་གནད་ལ་འཁེལ་བའི་སྔོན་འགྲོའི་ཆ་རྐྱེན་འོགཞིང་ཆེན་ཡོངས་ཀྱི་བྱིས་གཉོར་ཁང་གིས་རྩ་དོན་ཐོག་ཟླ་5ཚེས་15ཉིན་ནས་བཟུང་འབྲོག་ཁུལ་དང་། ཞིང་སྡེ།  གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས།རྫོང་རེར་སྲིད་ཇུས་རེ་དང་གླིང་རེར་སྒྲིག་སྲོལ་རེ་ཡོད་པའི་སྒོ་ནས་སློབ་མགོ་རྩོམ་དགོས།

བྱིས་གཉོར་ཁང་གི་སྒོ་དབྱེའི་ལས་དོན་ཐད་ཞིང་ཆེན་རིམ་པས་མགོ་འཛུགས་དུས་ཚོད་དང་འབྲེལ་ཡོད་གོ་རིམ། སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་བཅས་ཁ་གསལ་བཟོས་ནས་བྱིས་གཉོར་ཁང་གིས་རྒྱལ་ཁབ་དང་རང་ཞིང་གི་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན་དང་ཇུས་གཞིར་གཞིགས་ནས་དུས་མགོའི་གྲ་སྒྲིག་བྱེད་དགོས་པ་དང་། རང་བརྟེན་རེ་ཞུ་དང་། རྫོང་རིམ་པའི་ཚོད་སྐོར། གྲོང་ཁྱེར་རིམ་པའི་ཐོ་འགོད་ཆོག་མཆན་བཅས་ཀྱི་གོ་རིམ་བརྒྱུད་དེ་བྱིས་གཉོར་ཁང་གི་སྒོ་ཕྱེ་རྒྱུ་དང་། ཞིབ་ཕྲའི་དུས་ཚོད་དང་ལས་ཀའི་འཕེལ་རིམ་ལ་བཙན་ཤེད་རང་བཞིན་གྱི་བླང་བྱ་དང་དཔྱད་ཞིབ་མི་བྱ་རྒྱུ་དང་། རྫོང་རིམ་པའི་སྲིད་གཞུང་གིས“གཙོ་གནད་མངོན་གསལ་དོད་པ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག རིགས་དབྱེ་མཛུབ་ཁྲིད། ཁུལ་དབྱེ་འགན་འཁྲི”བཅས་ཀྱི་བྱ་བའི་བྱེད་ཕྱོགས་དང“རྫོང་ཁོངས་ཚན་པར་བྱས་ཏེ་ཁག་བགོས་རིམ་དབྱེའི་སྒོ་ནས་ཧེ་བག་ཅན་གྱི་སྔོན་འགོག་ཚོད་འཛིན་ཐབས་ཇུས་བཟོ་བའི”ཞིབ་ཕྲའི་བླང་བྱ་གཞིར་བཟུང་ནས། བྱིས་གཉོར་ཁང་གི་སྒོ་དབྱེའི་བྱ་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཁྱིམ་ཚང་དང་། ཁྲོམ་ལམ། སྨན་བཅོས་སྒྲིག་གཞི་དང་བྱིས་གཉོར་ཁང་བཅས་ཀྱི་མཉམ་འགོག་མཉམ་བཅོས་ལམ་སྲོལ་འཛུགས་པ་དང་དོན་འཁྱོལ་བྱས་ཏེ། གཞི་རྩའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་མ་བྱས་གོང་སྒོ་མི་ཕྱེ་བ་དང་། སློབ་གཉེར་བྱ་ཡུལ་དང་དགེ་སློབ་ཀྱི་སྤྱི་པའི་བདེ་འཇགས་འགན་ལེན་མ་ཐུབ་གོང་སྒོ་མི་ཕྱེ་བ།

བྱིས་གཉོར་ཁང་གི་ཁྲིམས་མིས་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་ལག་བསྟར་ནན་པོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁས་ལེན་ཡི་གེར་མིང་རྟགས་འགོད་པའི་སྔོན་འགྲོའི་གོ་རིམ་དོན་འཁྱོལ་བྱས་ཏེ་བྱིས་གཉོར་ཁང་གི་བྱིས་པར་གཅིག་གཏད་གཅིག་གིས་མི་རེ་རེ་བཞིན་དང་ཁྱིམ་ཚང་རེ་རེ་བཞིན་འབྲེལ་གཏུག་ཡག་པོ་བྱེད་དགོས་པ་དང་།བྱིས་གཉོར་ཁང་གི་སློབ་མགོ་བརྩམས་རྗེས་སུ་ས་གནས་དེ་གའི་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་མ་བྱས་པའི་རྐྱེན་གྱིས་མཇུག་འབྲས་ཚབས་ཆེན་ཐོན་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད། བྱིས་པའི་ཁྱིམ་བདག་གིས་བྱིས་གཉོར་ཁང་གི་དོ་དམ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ལྟ་སྐྱོང་གི་འགན་འཁྲི་འཁུར་དགོས།

སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་གསོ་སྦྱོང་བྱེད་པའི་དུས་ཚོད་དེ་བྱིས་གཉོར་ཁང་དུ་ལག་བསྟར་བྱ་རྒྱུ་དང་ཞིབ་ཕྲའི་ལས་དོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ལོགས་སུ་བཀོད་སྒྲིག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།