ཁོང་ཡུང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4པའི་ཚེས་28ཉིན། ཞིང་ཆེན་ཡོངས་ཀྱི་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཀྱི་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་བྱས་ནས།  2020ལོའི་ཞིང་ཆེན་ཡོངས་ཀྱི་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཁོང་ཡུང་གིས་བསྟན་དོན། བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོ་བསྒྲུབ་རྒྱུ་ནི་ནམ་ཡིན་ཡང་རང་ཞིང་གི་བྱ་བ་གལ་ཆེན་ཞིག་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བྱི་རིམས་སྔོན་འགོག་ཚོད་འཛིན་བྱ་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བྱི་རིམས་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལྟ་ཞིབ་ཚད་ལེན་གྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་དུས་ཚིགས་དང་དུས་ཚོད་ལ་ཚད་བཀག་མེད་པ་བཅས་བྱས་ནས་ལྟ་ཞིབ་ཚད་ལེན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཉེན་ཁ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་བྱི་རིམས་ཀྱི་འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར་བྱ་བར་ཤུགས་སྣོན་རྒྱག་དགོས། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་ངང་འཕྱི་བ་རྔོན་རྒྱག་དང་། འཛིན་པ། འཚོང་བ་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། རིམས་ནད་ཐག་གཅོད་ཀྱི་གྲ་སྒྲིག་ཡག་པོ་བྱས་ནས“དུས་ཐོག་ཏུ་ཤེས་རྟོགས་དང་། མགྱོགས་མྱུར་ཐག་གཅོད། གནད་སྨིན་དོ་དམ་ཚོད་འཛིན། ཚན་རིག་དང་མཐུན་པའི་བསྡུ་བཅོས”བཅས་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཇུས་ཤུགས་མཉམ་འདོན་དང་མཉམ་འགོག་མཉམ་འཛིན་བྱས་ཏེ་འབྲེལ་གཏུག་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་མཉམ་སྤྱོད་ཐུབ་པ། སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་སློབ་གསོ་ཡག་པོ་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པར་མ་ཟད། གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལས་འགོ་བསྐྱར་འཛུགས་ས་ཁུལ་དང་། མཚོ་སྔོན་དུ་ཡོང་བ་དང་མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣའི་བྱི་རིམས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་བསལ་ནས་ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་མི་དམངས་བདེ་ཐང་དང་སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་སྤྱི་ཡོངས་ལ་སྲུང་སྐྱོང་བྱ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།