མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་ཁོར་ཡུག་ལེགས་བསྒྱུར་བྱས་ནས་ཤེས་ལྡན་མི་སྣའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུར་འགོ་མཛིན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧེ་དབྱིན་ཚོགས་འདུར་ཞུགས།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཤེས་ལྡན་མི་སྣ་ནི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མངོན་འགྱུར་བྱེད་པའི་ཐོན་ཁུངས་ཨང་དང་པོ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཤེས་ལྡན་མི་སྣའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། ཞིང་ཆེན་གོང་འོག་ཡོངས་ཀྱི་ཤེས་ལྡན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་མངོན་འགྱུར་བྱེད་པ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣའི་འགན་སྲུང་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་འདདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ེས་ལྡན་མི་སྣའི་ཁོར་ཡུག་ལེགས་བསྒྱུར་བྱས་ནས། ཤེས་ལྡན་མི་སྣའི་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ད་ལོའི་རྟོག་ཞིབ་གྲོས་མོལ་གྱི་གྲོས་གཞི་རུ་བརྩི་བ་དང་། དམིགས་འབེན་ནི་གྲོས་མོལ་སྲིད་གླེང་བརྒྱུད་དེ། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་བྱ་བའི་ཁྲོད་གནས་པའི་གཙོ་གནད་དང་དཀའ་གནད་ཐག་གཅོད་པ། རྒྱུན་མཐུད་ངང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐད་ཆ་རྐྱེན་བསྐྲུན་ནས། སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་དེ་ཡིན་ཟེར།

ཝང་ཡུས་ཡན་དང་དབྱང་ཀྲི་ཝུན་གཉིས་ཀྱིས་ཨུ་ཡོན་ཚོའི་གཏམ་བཤད་ལ་ཉན་པ་མ་ཟད་གཏམ་བཤད་དེ། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། གྲོས་མོལ་བྱ་འགུལ་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། ཨུ་ཡོན་གྱི་བསམ་འཆར་ལ་ལན་བཏབ་པ་དང་། རྗེས་ཕྱོགས་ཀྱི་བྱ་བའི་བསམ་ཕྱོགས་དང་ལས་འགན་བྱེད་ཐབས་ཕྱིར་བཏོན། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཤེས་ལྡན་མི་སྣའི་བྱ་བའི་ཐད་ཀྱི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་པ་དང་། མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་བཀོལ་སྤྱོད་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣའི་བྱ་བའི་ལམ་ལུགས་རྐྱེན་སྲོལ་གསར་གཏོད་བྱས་ཏེ། རྒྱུན་མཐུད་ངང་ཤེས་ལྡན་མི་སྣ་འཕེལ་རྒྱས་སུ་གཏོང་བའི་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས་ཟེར།

ཨུ་ཡོན་ལྔ་ཡིས་ངག་ཐོག་གཏམ་བཤད་གནང་བ་དང་། འབྲེལ་ཡོད་ལས་ཁུངས་དང་ཨུ་ཡོན་གྱིས་ཡིག་ཐོག་གཏམ་བཤད་ཡི་གེ་བཅུ་བདུན་སྤྲད། ཨུ་ཡོན་ཚོས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་སྲིད་གཞུང་གིས་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། རྐྱེན་སྲོལ་བཅོས་བསྒྱུར་དང་སྲིད་ཇུས་གསར་གཏོད་སྤེལ་བས། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་མི་སྣའི་བྱ་བ་ཁྱོན་ཡོངས་ནས་ཇེ་མཐོར་འགྲོ་བ་དང་སྤྱི་ཁོག་ནས་སྤེལ་བ། གཙོ་གནད་འབུར་ཐོན་བྱས་པའི་དུས་རིམ་གསར་བར་ཞུགས་པ་དང་། རིགས་མི་འདྲ་བའི་ཤེས་ལྡན་མི་སྣའི་གསར་སྐྲུན་གསོན་ཤུགས་ཆེར་སྐྱེད་པའི་ཚུལ་བསྟན། རྟོག་ཞིབ་ཁྲོད་རྙེད་པའི་ཞན་ཆར་ཁ་གཏད་དེ། ཨུ་ཡོན་ཚོས་ཤེས་ལྡན་མི་སྣའི་བྱ་བའི་ཐད་ཀྱི་གཅིག་གྱུར་མཐུན་སྦྱོར་དང་ལྟ་ཞིབ་བརྟག་བཤེར་ལ་ཤུགས་བསྣན་ནས། རྩ་འཛུགས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་བྱ་བའི་ཐད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། ཤེས་ལྡན་མི་སྣའི་དོ་དམ་ཞབས་ཞུ་མ་ལག་ལེགས་བསྒྱུར་བྱས་ཏེ། སྐུལ་སློང་དང་བཀག་སྡོམ་གཉིས་ལ་དོ་སྣང་བྱེད་པའི་ཤེས་ལྡན་མི་སྣའི་གདེང་འཇོག་རྐྱེན་སྲོལ་འཛུགས་སྐྲུན་བྱེད་དགོས། ཆ་སྡེབས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣའི་སྲིད་ཇུས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་དགོས། ཤེས་ལྡན་མི་སྣ་ནང་འདྲེན་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་གཉིས་ལ་དོ་སྣང་བྱས་ནས། མཐོ་རིམ་སློབ་གྲྭའི་ཤེས་ལྡན་མི་སྣའི་མཐོ་ས་འཛུགས་སྐྲུན་བྱེད་དགོས། སྤྱི་ཁོག་ནས་མཐོར་འདེགས་གཏོང་བ་དང་ཕྱོགས་གཅིག་གཙོར་བཟུང་ནས་རོགས་འདེགས་བྱེད་པའི་འབྲེལ་བ་ཐག་བཅད་དེ། མཚོ་སྔོན་ནུབ་ཕྱོགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་དཀོན་པའི་དཀའ་གནད་ཐག་གཅོད་དགོས་ཟེར།

མཱ་ཧེ་དབྱིན་གྱིས་དུས་སྐབས་སྔོན་མའི་རྟོག་ཞིབ་དང་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་ནས་ཨུ་ཡོན་ཚོའི་བཏོན་པའི་བསམ་འཆར་ལ་ལན་བཏབ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།