མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4ཚེས29ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང“རྨོག་གཅིག་རྒྱུད་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཟི་ལིང་གྲོང་ཁྱེར་གཞུང་ལམ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་། མཚོ་ཤར་གྲོང་ཁྱེར་གཞུང་ལམ་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་གཞུང་ལམ་སྐྱེལ་འདྲེན་གྱི་ལས་ཀ་བྱེད་མཁན་ཁེ་ལས་ཀྱི་འགན་འཁུར་བ་ཁག་གཅིག་དང་བཞུགས་མོལ་སྤེལ་རེས་བྱས་པ་དང་གོམ་སྟབས་རྗེས་མར“རྨོག་གཅིག་རྒྱུད་གཅིག”གི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་བྱས་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། སྦག་སྦག་འཁོར་ལོ་དང་། གློག་སྒུལ་རྐང་འཁོར། རླངས་འཁོར་ཆུང་གྲས་བཅས་ནི་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་མི་ཤི་ཚད་མང་ཤོས་ཀྱི་འཁོར་རིགས་ཤིག་རེད། སྦག་སྦག་འཁོར་ལོ་དང་གློག་སྒུལ་རྐང་འཁོར་བཞོན་མཁན་འཆི་རྐྱེན་ཁྲོད་80%ཙམ་མགོ་རུས་ལ་རྨས་སྐྱོན་ཕོག་ནས་ཤི་བ་དང་། རླངས་འཁོར་འགྲིམ་འགྲུལ་དོན་རྐྱེན་ཁྲོད་བདེ་འཇགས་ཐག་པ་མ་བཅིངས་པས་རླངས་འཁོར་ཕྱི་རུ་གཡུགས་ནས་ཤི་རྨས་བྱུང་བའི་དོན་རྐྱེན་མང་པོ་བྱུང་ཡོད། འབྲེལ་ཡོད་ཞིབ་འཇུག་ལས་བདེ་འཇགས་ཀྱི་རྨོག་ཞྭ་གྱོན་པ་དང་བདེ་འཇགས་སྲུང་ཐག་ཚད་ལྡན་ངང་སྤྱད་ན་འགྲིམ་འགྲུལ་ལས་འཛོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཉེན་ཁ60%ནས70%བར་དམའ་རུ་གཏོང་ཐུབ་པ་མངོན་ཡོད། དྲ་སྦྲེལ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མང་ཚོགས་ཀྱིས་དྲ་ཐོག་ནས་ཉོ་སྒྲུབ་དང་མངགས་སྐྱེལ་དང་ཕྱིར་ཚོང་ཉིན་བཞིན་མང་དུ་ཕྱིན་ནས་གློག་སྒུལ་རྐང་འཁོར་དང་གློག་སྒུལ་འཁོར་གསུམ་རྐང་འཁོར་བཏང་ནས་ཕྱིར་སྐྱོད་པའང་མང་དུ་ཕྱིན་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཡོངས་ཀྱི་གློག་སྒུལ་རྐང་འཁོར་དང་གློག་སྒུལ་འཁོར་གསུམ་རྐང་འཁོར་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་མངོན་གསལ་དོད་པོས་འཕར་བའི་རྣམ་པ་མངོན་ཡོད།

ཚོགས་འདུའི་ཐོག་སྔོན་ལ་བདེ་འཇགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། བཅའ་ཁྲིམས་ཀྱི་གཏན་འབེབས་དང་། བདེ་འཇགས་ཀྱི་ཤེས་བྱ། དེ་བཞིན་མགོ་རྨོག་དང་ཉེན་སྲུང་སྒྲོག་ཐག་གི་ནུས་པ་གལ་ཆེན་དང་བེད་སྤྱོད་རྒྱུན་ཤེས་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱེད་པ། སྒེར་གྱི་རླངས་འཁོར་ཁ་ལོ་བར་རླངས་འཁོར་ནང་སྡོད་མཁན་ལ་བདེ་འཇགས་ཞྭ་མོ་སྤྱོད་དགོས་པའི་དྲན་སྐུལ་བྱེད་པ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། “རྨོག་གཅིག་རྒྱུད་གཅིག”བཀོད་སྒྲིག་ཧུར་ཐག་བྱས་ནས་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ཏེ་བདེ་འཇགས་རྨོག་ཞྭ་ཁྱབ་གདལ་གཏོང་བ། གཙོ་གནད་ལས་རིགས་སྒྲིག་འཛུགས་བྱས་ནས་དཔེ་སྟོན་སྣེ་ཁྲིད་བྱེད་པ། ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་སྲུང་ཐག་སྐྱོན་མེད་འགན་ལེན་བྱེད་པ། ཁུངས་འདེད་དོ་དམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འགོག་སྲུང་ཕན་འབྲས་འགན་ལེན་བྱེད་དགོས་པ་མ་ཟད། ཁྲིམས་འཛིན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་དང་ཡོ་བསྲང་ནན་པོ་བྱེད་པ་དང་། ཁྲིམས་འགལ་བྱ་སྤྱོད་དུས་ཐོག་ཏུ་ཞིབ་བཤེར་དང་ཡོ་བསྲང་བྱེད་པ། ཉེན་སྲུང་སྒྲོག་ཐག་མི་སྤྱོད་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱས་ཏེ་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་འགྲིམ་འགྲུལ་དོན་རྐྱེན་གྱི་ཤི་རྨས་སྤྱི་འབོར་ལོ་རེ་བཞིན་མར་ཆག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།