ཝང་ཅན་ཅུན་གྱིས་དཔེ་ལེགས་ངལ་རྩོལ་པའི་འཐུས་མི་དང་འཐབ་ཕྱོགས་དང་པོའི་ལས་བྱེད་པར་འཚམས་འདྲི་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་སྔ་ནུབ་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཞིང་ཆེན་ཡོངས་ཀྱི་དཔེ་ལེགས་ངལ་རྩོལ་པའི་འཐུས་མི་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པར་འཚམས་འདྲི་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལས་རིགས་སོ་སོ་དང་འཐབ་ཕྱོགས་སོ་སོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ངལ་རྩོལ་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། 

ཝང་ཅན་ཅུན་ཞིང་ཆེན་རིམ་པའི་དཔེ་ལེགས་ངལ་རྩོལ་པའམ་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་རྒན་ལི་ཡུང་ལིན་གྱི་ཁྱིམ་དུ་སོང་ནས་ཁོང་གིས་མཚོ་སྔོན་གྱི་སློབ་གསོའི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་ཞིག་དགེ་རྒན་བཟང་བོ་ཞིག་དང་འཕྲད་པ་ནི་མི་ཚེའི་བསོད་ནམས་ཡིན་ལ། སློབ་གྲྭ་ཞིག་ལ་དགེ་རྒན་བཟང་བོ་ཞིག་ཡོད་པ་ནི་སློབ་གྲྭའི་གཟི་བརྗིད་ཡིན་ཞིང་། མི་རིགས་ཤིག་ལ་དགེ་རྒན་བཟང་བོའི་སྡེ་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་ནི་མི་རིགས་ཀྱི་རེ་བ་རེད་ཅེས་བསྟན་ཡོད། དགེ་རྒན་ནི་རྣམ་ཤེས་ཀྱི་བཟོ་བཀོད་པ་དང་དཀའ་སྤྱད་ཀྱི་ལྡུམ་ར་པ་ཡིན། ཀུན་སྤྱོད་ཀྱིས་མི་སྐྱོང་བ་དེ་རྩ་བའི་ལས་འགན་དུ་བཟུང་ནས་སློབ་མ་རེ་རེ་སྤྱི་ཚོགས་རིང་ལུགས་ཀྱི་ཚད་མཐུན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པར་གསོ་སྐྱོང་བྱ་དགོས་ཞེས་བཤད། ཝང་ཅན་ཅུན་གྱིས་ལི་ཡུང་ལིན་ལ་མུ་མཐུད་དུ་དཔེ་ལེགས་ངལ་རྩོལ་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ཧུར་ཐག་གིས་སྤེལ་རོགས་ཁྲིད་གསུམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་སེམས་ཤུགས་ཡོད་རྒུ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོའི་བྱ་གཞག་ནང་ཞུགས་རྒྱུའི་སྐུལ་ལྕག་གནང་།

ཝང་ཅན་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། ངལ་རྩོལ་ནི་བླ་ན་མེད་ཤོས། ངལ་རྩོལ་ནི་རླབས་ཆེ་ཤོས། ངལ་རྩོལ་ནི་མཛེས་སྡུག་ལྡན་ཤོས་རེད་ཅེས་ནན་གྱིས་བསྟན་ཡོད། ཁྱེད་ཚོས་རི་སྔོ་ཆུ་དྭངས་དང་སྐྱེ་ཁམས་དཔལ་ཡོན་གྱི་ཆེད་དུ་འབད་འཐབ་བྱས་ཏེ། རབ་མཛེས་མཚོ་སྔོན་དང་རབ་མཛེས་ཀྲུང་གོའི་ཆེད་དུ་ལེགས་སྐྱེས་འབུལ་དགོས། ངལ་རྩོལ་གྱིས་རིན་ཐང་མཚོན་པ་དང་འབད་འཐབ་ཀྱིས་བྱས་རྗེས་འཇོག་པ། ལེགས་སྐྱེས་ཀྱིས་ལས་འབྲས་གཏོད་པ་བཅས་བྱས་ནས་དུས་རབས་གསར་པའི་ངལ་རྩོལ་པའི་དར་སྲོལ་མངོན་ཡོད། མིག་སྔར་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་འགོ་ཚུགས་པ་དང་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་རིམ་སྤོར་གྱི་ལོ་གསུམ་བྱ་འགུལ་སྤེལ་འགོ་ཚུགས་ཡོད་པས། ཚང་མ་འཛུགས་སྐྲུན་པ་དང་ནང་ཞུགས་པ་ཡིན་ལ། བདེན་དཔང་བ་དང་ཕན་རེག་མཁན་ཡང་ཡིན་པར་བརྟེན། ལྗང་མདོག་གི་སྐུ་སྲུང་པ་བྱས་ནས་རི་ཆུ་ནགས་ཞིང་རྩྭ་ཐང་བཅས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཉི་མ་སྒྲོལ་མའང་མཉམ་དུ་འཚམས་འདྲིར་ཕེབས།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།