མཚོ་སྔོན་ཞིང་ཆེན་གྱིས་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ལེགས་སྒྲིག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱིས་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ལེགས་སྒྲིག་འཕེལ་རྒྱས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་ཐོག་ནས《རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ལེགས་སྒྲིག་འཕེལ་རྒྱས་ལག་བསྟར་ཇུས་གཞི》དང་རྒྱལ་ཡོངས་ཀྱི་དྲ་རྒྱ་ལེགས་སྒྲིག་འཕེལ་རྒྱས་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ལེགས་སྒྲིག་འཕེལ་རྒྱས་ལས་དོན་ཇུས་གཞིར》ཞིབ་འཇུག་དང་གྲོས་བསྡུར་བྱས་པར་མ་ཟད། འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་ལས་ཀའི་ལས་བགོས་ཁ་གསལ་བཟོས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྐུད་ཡོད་དྲ་རྒྱ་ལེགས་སྒྲིག་འཕེལ་རྒྱས་ལས་དོན་བདེ་ལེགས་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཅིག་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་རང་རྟོགས་ངང་སྤྱི་ཡོངས་ལ་བསྟུན་ནས། བསམ་བློ་དང་ལག་ལེན་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ལེགས་སྒྲིག་དང་རླུང་འཕྲིན་བརྙན་འཕྲིན5Gའཛུགས་སྐྲུན་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གཉིས་ནས་མིག་མངས་འགྲིག་སྐོར་གཅིག་གི་བསམ་བློ་བརྟན་པོ་བཙུགས་ཏེ། ལེགས་སྒྲིག་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས། འགག་རྩའི་གནད་དོན་རེ་རེ་བཞིན་ཐག་གཅོད་ཇུས་གཞི་འདོན་པ་དང་། སྡེ་ཁག་སོ་སོས་རང་སོ་སོའི་འགན་འཁྲི་དང་ཟུང་འབྲེལ་གྱིས་ལས་འགན་ཡི་གེ་དང་དུས་ཚོད་རེའུ་མིག ལམ་རིས་བཅས་ཞིབ་ཕྲ་བཟོས་ནས། གཙོ་གནད་ལས་དོན་ལས་གཞི་ཅན་དུ་འགྱུར་བར་བྱས་ཏེ། ལེགས་སྒྲིག་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས། གསུམ་ནས་བརྟན་འཇགས་ངང་སྐུལ་འདེད་གཏོང་བ་དང་བདེ་འཇགས་འགན་ལེན་བྱས་ཏེ། སྐུད་ཡོད་བརྙན་འཕྲིན་དྲ་རྒྱ་ལེགས་སྒྲིག་ལས་དོན་སྤེལ་བའི་རིང་ལ། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དང་བདེ་འཇགས་ངང་སྟོན་རྒྱུའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། ཉེན་ཁ་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ཧུར་ཐག་བྱེད་པ་དང་འབྲེལ་ཏེ། སྤྱི་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་རྒྱག་དགོས། བཞི་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་ཇེ་དམ་དུ་བཏང་སྟེ། སྐུད་ཡོད་བརྙན་འཕྲིན་ལེགས་སྒྲིག་འཕེལ་རྒྱས་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་གཞིར་བཟུང་ནས། བྱ་སྤྱོད་གཅིག་གྱུར་དང་གོམ་སྟབས་གཅིག་གྱུར་གྱིས་ལས་འགན་ཁག་དོན་འཁྱོལ་བྱེད་པ་དང་ལས་དོན་ཁྲོད་ཀྱི་གལ་ཆེའི་དོན་གནད་ལེགས་སྒྲིག་བྱེད་སྐབས་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།