ལིའུ་ཐའོ་ཡིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཡི་སློབ་འགོ་རྩོམ་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་འགོ་འཛིན་བྱས་ཏེ་མཚོ་སྔོན་སློབ་ཆེན་དུ་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཡི་སློབ་འགོ་རྩོམ་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་ལས་དོན་སྤེལ་ཚུལ་དང་བསམ་འཆར་དང་གྲོས་འགོར་ཉན་པར་མ་ཟད། མཐོ་རིམ་སློབ་གྲྭའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་སློབ་གསོ་སློབ་ཁྲིད་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ནས། དོན་དངོས་དང་ཟུང་འབྲེལ་དང་ཇུས་འགོད་ཧུར་ཐག་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སློབ་གྲྭའི་བདེ་འཇགས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་སྔོན་འགྲོའི་ཆ་རྐྱེན་འོག་དང་། ཁོངས་གཏོགས་སྲིད་གཞུང་གི་གཞོགས་འདེགས་དང་རྒྱབ་སྐྱོར་འོག་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་འགོ་རྩོམ་པར་ཇུས་གཞི་བཟོས་པ་དང་། སློབ་མར་ཡོང་ཁུངས་དང་ཆེད་ལས། ལོ་རིམ་བཅས་དབྱེ་ནས། འབྱོར་ཐོ་འགོད་པའི་བྱེད་ཐབས་སྤྱད་དེ་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་བརྩམས་ཏེ་སློབ་ཁྲིད་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔྱིད་དུས་སློབ་འགོ་རྩོམ་པའི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏོང་ཆེད་སེམས་ཤུགས་དང་ནུས་ཤུགས་གང་ཡོད་བཏོན་ཡོད་ཟེར།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་དང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གསར་ཤོས་གཞིར་བཟུང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱས་ཏེ། སློབ་གྲྭའི་བདེ་འཇགས་དང་དགེ་སློབ་ཀྱི་བདེ་ཐང་ལ་འགན་ལེན་བྱེད་པའི་རྨང་གཞིའི་སྟེང་། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས། རྒྱུན་གཏན་གྱི་སྔོན་འགོག་ཚོད་འཛིན་འོག་སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལ་དམ་འཛིན་ཡག་པོ་བྱེད་པ། དུས་ཐོག་ཏུ་སློབ་ཁྲིད་འཆར་གཞི་ལེགས་སྒྲིག་བྱེད་པ། སློབ་ཁྲིད་དང་སློབ་ཚན་ལ་བཀོད་སྒྲིག་ལུགས་མཐུན་བྱེད་པ། བཙིར་གནོན་ཐེབས་པའི་དུས་ཚོད་ཁ་གསབ་བྱེད་པ་བཅས་བྱས་ནས། ནར་འགྱངས་བྱས་པའི་སློབ་ཚན་གྱི་རྗེས་སྙེག་ཐུབ་པ་བྱེད་དགོས། དགེ་སློབ་ཀྱི་དོ་དམ་ལ་ཤུགས་སྣོན་ནན་མོ་བརྒྱབ་ནས། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ཀྱི་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཅོས་སྒྲིག་བྱས་ཏེ། སློབ་གྲྭའི་བདེ་འཇགས་དང་མེ་ཟོན་བདེ་འཇགས། བཟའ་བཅའི་བདེ་འཇགས་སོགས་ཀྱི་ལས་འཛོལ་ཐོན་རྒྱུར་སྔོན་འགོག་བྱེད་དགོས།“བརྟན་འཇགས་དྲུག”དང་“འགན་སྲུང་དྲུག”གི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལོ་འདི་གའི་མཐར་ཕྱིན་སློབ་མའི་འབྲེལ་ཡོད་ལས་དོན་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་སྒྲིག་འཛུགས་ཡག་པོ་བྱེད་པ། གཙོ་གནད་མངོན་གསལ་དོད་པོ་ཡོང་བར་རྒྱུན་འཁྱོངས་བྱེད་པ། ཞབས་ཞུའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཞུགས་ཐབས་ལམ་སྔར་ལས་རྒྱ་ཆེར་གཏོང་བ། “མཉམ་སྡེབ་ཐབས་རྩལ”ཡག་པོ་རྒྱག་པ་བཅས་བྱས་ནས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་ཡི་ལས་ཞུགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།