མཚོ་སྔོན་ཞིང་ཆེན་གྱིས་འཁྲབ་སྟོན་དང་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་གོ་རིམ་ལྡན་པའི་ངང་སྒོ་འབྱེད་པའི་བརྡ་ཁྱབ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་དེ་རིང་ནས་བཟུང་མཚོ་སྔོན་ཞིན་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་འཁྲབ་སྟོན་དང་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྤེལ་ཡུལ་གོ་རིམ་ལྡན་པའི་ངང་ནས་སྒོ་འབྱེད་དགོས་པའི་བརྡ་ཁྱབ་སྤེལ།

མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་བརྡ་ཐོ་བཏང་ནས་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་གཞིར་བཟུང་ནས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས“ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་དང་། གནད་སྨིན་ཇུས་གཞི་ལག་བསྟར། ཁུལ་བགོས་རིམ་དབྱེ”སོགས་ཀྱི་འབྲེལ་ཡོད་བླང་བྱ་ལྟར། དུས་བཀག་དང་། ཚད་བཀག མི་གྲངས་ཚོད་འཛིན། བདེ་འཇགས་སོགས་ཀྱི་སྒོ་ནས་ས་གནས་སོ་སོའི་འཁྲབ་སྟོན་དང་། གླུ་གར་རོལ་རྩེད་། དྲ་སྦྲེལ་དྲ་ཞུགས་ཞབས་ཞུ་སོགས་ཀྱི་ལས་ཐོན་བསྐྱར་འཛུགས་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་ཡིན་པར་བསྒྲགས།

མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་གོ་རིམ་ལྡན་པའི་ངང་འཁྲབ་སྟོན་དང་། གླུ་གར་རོལ་རྩེད། དྲ་སྦྲེལ་དྲ་ཞུགས་ཞབས་ཞུ་སོགས་ཀྱི་བྱེད་སྒོ་སྤེལ་བའི་རིང་ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཁོངས་གཏོགས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱིས་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཁྲོམ་རའི་ཚོང་གཉེར་འགན་འཁྲི་ནན་ཏུ་བཏང་ནས། ཚན་རིག་དང་མཐུན་ལ་གནད་དུ་འཁེལ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་བྱ་བའི་གོ་རིམ་ལྡན་པའི་སྒོ་དབྱེའི་ལས་དོན་ལ་སྤྱི་བའི་བཀོད་འདོམས་བཟང་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚེས24ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་གནས་ཚུལ་ལས་མངོན་པ་ལྟར་ན། ཟླ4ཚེས་23ཉིན་གྱི་ཆུ་ཚོད24བར་མཚོ་སྔོན་ཞིང་ཆེན་སུ་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ18(དེའི་ནང་ཟི་ལིང་གྲོང་ཁྱེར་དུ་ནད་པ15དང་མཚོ་བྱང་ཁུལ་དུ་ནད་པ3)ཡོད་པ་ཚང་མ་དྲག་སྐྱེད་བྱུང་བ་དང་། འབྲེལ་འདྲིས་ཡོད་པའི་མི437གྱི་རྗེས་འདེད་བྱས་ཏེ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག  རིམ་རྩིས་བྱས་ན་ཕྱི་ཕྱོགས་ནས་འགོས་ཡོང་བའི་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ1(ཟི་ལིང་གྲོང་ཁྱེར་གྱི་ནད་པ་1)ཡོད་པ་དང་། དེ་གཏན་འཁེལ་སྨན་ཁང་དུ་ལོགས་བཀར་སྨན་བཅོས་ལྟ་ཞིབ་བྱས་པ་དང་འབྲེལ་འདྲིས་བྱེད་མཁན་དག་ལ་ལོགས་བཀར་ལྟ་ཞིབ་བྱེད་མཚམས་བཞག་ཡོད། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།