མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱིས་ཁྱོན་ཡོངས་ནས་སློབ་འགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཐོ་སློབ་སློབ་འགོ་རྩོམ་པའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ3པའི་ཚེས9ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་སློབ་ཆེན་དང་། སློབ་འབྲིང་། སློབ་ཆུང་བཅས་ཁུལ་དབྱེ་དང་རིམ་དབྱེ་བྱས་ཏེ་གོ་རིམ་ལྡན་པའི་སྒོ་ནས་སློབ་འགོ་བརྩམས། ཟླ4པའི་ཚེས24ཉིན་བར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་གྲྭ1127གྱི་སློབ་མ་ཁྲི101སློབ་འགོ་བརྩམས་པ་རེད། སློབ་འགོ་བརྩམས་པའི་ལས་དོན་ཧྲིལ་པོ་བརྟན་འཇགས་ཡིན་ལ་དགེ་སློབ་ཀྱི་བསམ་པའི་ཉམས་འགྱུར་བཟང་བ་དང་། འབྱོར་ཐོ་འགོད་པའི་ལས་དོན་གོ་རིམ་ལྡན་པ་བྱུང་།

ཟླ2པའི་ཟླ་དཀྱིལ་ནས་བཟུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་སློབ་འགོ་རྩོམ་པའི་ལས་དོན་ལ་ཞིབ་འཇུག་ཇུས་འགོད་བྱེད་འགོ་བརྩམས་པ་དང་། སྔ་རྗེས་སུ་ཚོགས་འདུ་ཐེངས་མང་པོ་འཚོགས་ནས་ཡང་དང་ཡང་དུ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་། སྔོན་འགོག་ཚོད་འཛིན་དང་འགན་ལེན་བྱེད་ཐབས་ཁག་ལ་ཞིབ་ཕྲའི་དབྱེ་ཞིབ་བྱས་ཏེ་གོ་རིམ་ལྡན་པའི་ངང་སློབ་འགོ་རྩོམ་པའི་ཐབས་ཇུས་བཏོན་པ་རེད།

མཚོ་སྔོན་ཞིང་ཆེན་གྱིས“སློབ་གྲྭས་རང་དཔྱད་དང་། རྫོང་རིམ་པའི་དཔྱད་དཔོག ཁུལ་རིམ་པའི་ཞིབ་བཤེར། ཞིང་ཆེན་རིམ་པའི་ཐོ་འགོད”བཅས་ཀྱི་ལམ་ལུགས་བཙུགས་ནས་སློབ་འགོ་རྩོམ་པའི་སློབ་གྲྭ་རེ་རེ་བཞིན་དཔྱད་དཔོག་དང་རིམ་པ་བཞིན་འགག་སྒོ་ནན་སྲུང་བྱས་ནས་སློབ་འགོ་རྩོམ་པའི་ཆ་རྐྱེན་ལོན་མེད་པའི་སློབ་གྲྭར་འདེམས་ཤོག་འཕངས་ནས་ཁས་མ་བླངས་པ་རེད།

མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ལ་འགོག་སྲུང་ཁ་ཐུམ་ཁྲི1100དང་། དུག་སེལ་གཤེར་ཁུ་ཏུན75།  སྨན་སྤྱོད་ཆང་བཅུད་ཏུན36། དཔྲལ་དྲོད་འཇལ་ཆས13000། ཚ་གཟུགས་པར་ཆས936བཅས་སྤྲད་པ་རེད།

རིམ་པ་ཁག་གི་འགྲིམ་འགྲུལ་སྡེ་ཁག་གིས་སློབ་ཆེན་སློབ་མ་སློབ་གྲྭར་ལོག་པའི་དུས་སུ་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་དུག་སེལ་བྱེད་གྲངས་མང་དུ་གཏོང་བ། ས་ཁུལ་ཁ་ཤས་ཀྱི་སློབ་མ་དང་སློབ་གྲྭའི་ཁྱབ་ཚུལ་ལ་གཞིགས་ནས་དགེ་སློབ་ཀྱི་ཆེད་སྤྱོད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་ཏེ། སློབ་གྲྭར་ལོག་པ་དང་སློབ་གྲྭ་གྲོལ་དུས་སུ་སློབ་མ་འདུ་འཛོམས་བྱེད་པའི་ཉེན་ཁ་ཆུང་དུ་བཏང་ཞིང་། དགེ་སློབ་དང་སློབ་ཕྱིའི་མི་སྣ་དང་འབྲེལ་གཏུག་བྱེད་ཚད་ཉུང་དུ་བཏང་། རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་སློབ་གྲྭར་ལོག་པ་དང་སློབ་གྲྭ་གྲོལ་བའི་དུས་སྐབས་སུ་སློབ་མའི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་གནས་བཀོད་སྒྲིག་བྱས་ཏེ་སློབ་གྲྭའི་ཉེ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་དང་མི་སྣ་འདུ་འཛོམས་ཉུང་དུ་གཏོང་བར་གཞོགས་འདེགས་བྱས་པ་མ་ཟད། རིམ་པ་ཁག་གི་ནོར་སྲིད་སྡེ་ཁག་གིས་དུས་ཐོག་ཏུ་འགྲོ་སྒོའི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲོ་གྲོན་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།