ཡན་ཅིན་ཧའེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཚད་གཞི་ལས་བརྒལ་བའི་ཆུ་ལོག་སྔོན་འགོག་ལས་དོན་གྱི་ཆེད་དོན་གྲོས་ཚོགས་བསྡུས།

ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་ཡིས་འགོ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚད་གཞི་ལས་བརྒལ་བའི་ཆུ་ལོག་སྔོན་འགོག་ལས་དོན་གྱི་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་འགོག་བཅོས་བྱ་བར་བཀོད་སྒྲིག་བྱས།

ཡན་ཅིན་ཧའེ་ཡིས་ནན་གྱིས་བསྟན་དོན། ད་་ལོ་ནི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་པས། ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། གཙང་པོའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ཅིང་།ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པས། ད་ལོའི་ཆུ་ལོག་འགོག་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།དུས་དང་རྣམ་པ་ཀུན་ཏུ“མདའ་རྒྱག་སར་འཕེན་པའི”ཚོར་སྐྱེན་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། ཆར་པ་འབབ་ཚུལ་དང་ཆུ་བྲུབས་ཚུལ། ཆུ་ལོག་བྱུང་ཚུལ་བཅས་ཀྱི་ཆ་འཕྲིན་སྔོན་བརྡ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་དུས་ཚོད་མཐོ་རུ་གཏོང་བ་བཅས་བྱས་ནས། སྔོན་ཚུད་ནས་སྔོན་འགོག་ཐུབ་པ་བྱེད་དགོས། ཚན་རིག་དང་མཐུན་པའི་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བཀོད་འདོམས་གཅིག་གྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་བྱེད་པ་དང་། ཆུ་མཛོད་བཀོད་གཏོང་གི་བཀའ་རྒྱ་དང་ཆུ་རྒྱས་མཚམས་ཀྱི་ཆུ་གནས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཆུ་མཛོད་ཀྱི་ཆུ་ལོག་འགོག་གཅོད་ཀྱི་ནུས་པ་འདོན་སྤེལ་གང་ཐུབ་བཅས་བྱས་ཏེ། ཆུ་མཛོད་སྨད་རྒྱུད་ཀྱི་ཆུ་ལོག་འགོག་པའི་གནོན་ཤུགས་ཆུང་དུ་གཏོང་དགོས། ལག་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། ཉེན་ཁའི་གནས་ཚུལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ལོག་ཆེན་པོ་སྔོན་འགོག་དང་ཆུ་ལོག་ཆེན་པོ་འགོག་པ། ཉེན་ཁ་ཆེན་པོ་མྱུར་སྐྱོབ། གནོད་འཚེ་ཆེན་པོ་མྱུར་སྐྱོབ་བཅས་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ། འགོ་ཁྲིད་ཀྱི་འགན་འཁྲི་དང་། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། དངོས་རྫས་གྲབས་གསོག་སོགས་ཀྱི་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཆུ་རྒྱས་པའི་དུས་ཚོད་ཆུ་ཚོད24རིང་ལས་རེས་དང་ཁ་མི་འབྲལ་བ། ཉེན་ཁའི་གནས་ཚུལ་ཚབས་ཆེན་དང་གནོད་འཚེའི་གནས་ཚུལ་འཕྲལ་མར་གོང་ཞུ་དང་དུས་ཐོག་ཏུ་ཁ་གཏད་གཅོག་པ། ཆུ་ལོག་དང་ཐན་སྐྱོན་གྱི་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།