ཐེན་ཅིན་ཁྲིན་གྱིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་གཏེར་རྫས་ཐོན་ཁུངས་ལྗང་མདོག་རྩད་ཞིབ་གསར་སྤེལ་དང་གཏེར་ཁུལ་གྱི་ས་གཤིས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་ལྟ་སྐུལ་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་སྣེ་ཁྲིད་དུ་བྱེད་པ་དང་། གཏེར་རྫས་ཐོན་ཁུངས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཧུར་ཐག་གིས་ཆུ་ཚད་མཐོན་པོའི་སྲུང་སྐྱོབ་ཁྲོད་སྤུས་ཚད་མཐོན་པོའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་སོགས་སྔ་གཞུག་ཏུ་མང་ངེ་གྲོང་ཁྱེར་དང་ཚྭ་འདམ་གཞོང་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་གཏེར་ཁ་དང་ལས་གཞི་ཡུལ་དངོས་སུ་སོང་ནས། རྡོ་བལ་གཏེར་ཁའི་ཕྱོགས་བསྡུས་ཕྱིར་སྡུད་བེད་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཚྭ་འདམ་གཞོང་གི་རྡོ་སྣུམ་སོལ་རླངས་དང་ཚྭ་ཁའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་དང་ཐོན་སྐྱེད་ཚོང་གཉེར་གནས་བབ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྐྱུར་འདོར་བྱས་པའི་སྔོག་འདོན་དོང་ས་སོགས་ཀྱི་གཏེར་ཁུལ་གྱི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཐེན་ཅིན་ཁྲིན་གྱིས་ནན་གྱིས་བསྟན་དོན། གཏེར་ཁའི་ཐོན་ཁུངས་ལེགས་བསྡུས་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་བྱེད་པ་དང་། གཏེར་ཁུལ་ས་གཤིས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་གཏེར་ཁུལ་གྱི་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་དགོས་ངེས་རེ་བ་ཡིན་པས། འབྲེལ་ཡོད་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ལག་བསྟར་བྱེད་པ། ལྗང་མདོག་འཕེལ་རྒྱས་དེ་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་། གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོབ་ཀྱི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ། ཚན་རྩལ་ཆུ་ཚད་མཐོ་བ་དང་ཐོན་ཁུངས་ཟད་གྲོན་དམའ་བ། ཁོར་ཡུག་བཙོག་བཟོ་ཉུང་བའི་ལྗང་མདོག་གཏེར་ལས་ཀྱི་མ་དཔེ་གསར་བ་བཙུགས་ནས། ཧུར་ཐག་གིས་དཔལ་འབྱོར་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས། སྤྱི་ཚོགས་ཕན་འབྲས་ཀྱི་མཐུན་སྦྱོར་གཅིག་གྱུར་མངོན་འགྱུར་བྱེད་དགོས། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དང་། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་ཟུང་འབྲེལ་བྱེད་པ། བྱ་བའི་འགན་འཁྲི་ཇེ་བརྟན་དུ་གཏོང་བ། མཇུག་གཏེར་གྱི་ཕྱོགས་བསྡུས་བེད་སྤྱོད་དང་གཏེར་ཁའི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྐྱོང་ལག་རྩལ་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་གཏོང་བ། ཕྱོགས་བསྡུས་བཅོས་སྐྱོང་ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།