ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཞིང་ཆེན་དང་གྲོང་ཁྱེར་སྐོར་ཞིག་གི་དཔལ་འབྱོར་གནས་བབ་ཀྱི་བརྙན་རིས་བཞུགས་མོལ་ཚོགས་འདུ་བསྡུས།

 

ཅི་ལིན་ཞིང་ཆེན་་གྱི་ཧྲིན་ཀྲང་ཅིན་ཅོན་ཧེ་དང་ཧྲང་ཧེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཚབ་མ་ཀུང་ཀྲིན། ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་ཝུའུ་ཀྲིན་ལུང་། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཡུན་ཧོང་། ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མཱ་ཞིན་རོས། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་ཡུན་ལི་བཅས་ཀྱིས་གཏམ་བཤད་སྤེལ། ལིས་ཁི་ཆང་གིས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག རྒྱལ་ཡོངས་གོང་འོག་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་མངའ་ཁོངས་ཀྱི་རིམས་འགོག་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་བྱུང་ཡོད། དེ་ནི་ཐོབ་པར་དཀའ་བའི་སྣང་ཚུལ་ཞིག་རེད། མིག་སྔར་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ཧ་ཅང་རྙོག་འཛིང་དང་ཛ་དྲག་ལྡན་པ་ཞིག་ཡིན། དཀའ་ཁག་ལ་དཔྱད་འཇོག་གང་ལེགས་བྱས་ཏེ་འགྲན་རྩོད་གདོང་གིས་བསུ་དགོས་པར་མ་ཟད། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དངོས་འབེབ་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་འོག གཏན་འཇགས་ཁྲོད་ནས་གོང་འཕེལ་བརྩོན་པའི་བྱ་བའི་སྤྱིའི་རེ་བ་རྒྱུན་འཁྱོངས་དང་། ཆེ་མཐོང་སྲིད་ཇུས་ཀྱི་མཐུན་སྦྱོར་ཤུགས་ཚད་དང་གོ་སྐབས་དམ་འཛིན་བཟང་བོ་བྱས་ཏེ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། གཙོ་བོ་སྡོད་དམངས་ཀྱི་ལས་ཞུགས་ལ་འགན་སྲུང་བྱེད་པ་དང་། གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་པ། ཚོང་རའི་ནང་དོན་གཙོ་བོར་འགན་སྲུང་བྱེད་པ། འབྲུ་རིགས་དང་ནུས་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། ཐོན་ལས་མུ་འབྲེལ་ཅན་གྱི་མཁོ་འདོན་དང་གཏན་འཇགས་ལ་འགན་སྲུང་བྱེད་པ། གཞི་རིམ་གྱི་འཁོར་སྐྱོད་ལ་འགན་སྲུང་བྱེད་པ། དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་བརྟན་པོ་ཡོང་བར་བྱས་ཏེ། དཔལ་འབྱོར་སླར་གསོ་དང་འཕར་སྣོན་ལ་ཡར་སྐུལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

ལིས་ཁི་ཆང་གིས་གསུང་དོན། ཁེ་ལས་ལ་རོགས་རམ་བྱས་ཏེ་དཀའ་ཁག་ལས་ཐར་བར་བྱེད་པའི་སྲིད་ཇུས་དངོས་འབེབ་དང་འཐུས་ཚང་དུ་གཏོང་དགོས་ལ། ཁྱད་པར་དུ་ཁེ་ལས་ཆུང་འབྲིང་དང་སྒེར་གཉེར་ཚོང་བར་རོགས་རམ་བྱས་ཏེ་དཀའ་ཁག་ལས་སྒྲོལ་དུ་འཇུག་པ་དང་། ཕྱོགས་ཡོངས་ནས་ཐོན་ལས་སླར་གསོ་བྱེད་པའི་གོམ་སྟབས་ཇེ་མྱོགས་སུ་བཏང་ནས། ལས་ཞུགས་ལ་འགན་སྲུང་བྱེད་པའི་ཐད་གཞོགས་འདེགས་བྱེད་དགོས་ཟེར། ནང་མཁོ་རྒྱ་བསྐྱེད་པའི་ནང་མཁོའི་འཐབ་ཇུས་ལག་བསྟར་དང་། འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་ཕན་ཚུན་ལྡན་པའི་དངུལ་གཏོང་རྒྱ་བསྐྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་ཐབས་ལམ་ཇེ་མགྱོགས་སུ་བཏང་སྟེ། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཚོང་རའི་གསོན་ཤུགས་རྒྱས་པར་བྱས་ཏེ་ཤུགས་ཆེན་པོས་སྒུལ་ནུས་གསར་བ་གསོ་སྤེལ་བྱེད་དགོས། སྔར་ལྷག་པའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་པ་དང་ཐོན་ལས་མུ་འབྲེལ་ཅན་གྱི་མཁོ་འདོན་གཏན་འཇགས་ཡོང་བར་བྱེད་དགོས། གཞི་རིམ་གྱི་དངུལ་གཏོང་ཇེ་མང་དུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པ་དང་། ལས་ཤོར་འགན་སྲུང་གི་ཁྱབ་རྒྱ་ཇེ་ཆེར་གཏོང་བ། མ་མཐའི་འཚོ་བའི་འགན་སྲུང་དང་སྤྱི་ཚོགས་རོགས་སྐྱོར་གྱི་འགན་སྲུང་མངོན་འགྱུར་བྱས་ཏེ་གཞི་རྩའི་དམངས་འཚོ་ལ་འགན་སྲུང་བྱེད་དགོས་ཞེས་གསུངས། 

ཝང་ཡུང་དང་། ཝང་དབྱེ། ཞའོ་ཅེ། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།