རྡོ་རྗེ་རབ་བརྟན་གྱིས་ཁྲི་ཀ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་གསུམ་ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཁྲི་ཀ་རྫོང་ལ་བྱ་བར་རྟོག་ཞིབ་བྱེད་པར་སོང་། རྟོག་ཞིབ་བྱེད་སྐབས། དཀར་བརྗིད་ཞང་སུམ་པ་སྡེ་བ་དང་ལ་ཟེ་བ་གྲོང་རྡལ་ལྷ་ཁང་ཐང་སོགས་ལ་སོང་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་གནས་སྐོར། སྐྱེ་ཁམས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས་པ་དང་། མཚོ་སྔོན་ཞང་ཧི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་ཀྲའོ་ཁྲིན་སྐྱེ་དངོས་ཚན་རྩལ་ཀུང་ཟི། སྔོ་ཚལ་ར་བའི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་རྨ་ཆུ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་ཟི་བཅས་ཀྱི་ལས་ཐོན་སླར་གསོ་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས་ལ། དབུལ་ཐར་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ལ་ཉན།

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། ཁྲི་ཀ་རྫོང་གི་དུས་ཚིགས་དང་པོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་བ་དང་། ཞིང་ཕྱུགས་ལས་དང་གཞི་ཁྱོན་ཡན་གྱི་བཟོ་ལས། གཏན་འཇགས་རྒྱུ་ནོར་དངུལ་གཏོང་། ནོར་སྲིད་ཡོང་སྒོ་སོགས་དཔལ་འབྱོར་དམིགས་ཚད་གཙོ་བོའི་ཐད་ནས་གཏན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་རྒྱུན་འཁྱོངས་བྱས། དབུལ་ཐར་མཁྲེགས་གཏོར་བརྟན་བརླིང་ངང་སྤེལ་བ་དང་། དབུལ་ཕོངས་ཁྱོན་ཡོངས་ནས་མེད་པར་བཟོ་བའི་དམིགས་འབེན་མངོན་འགྱུར་བྱས་ལ། དུས་བཀག་ལྟར་དབུལ་ཕོངས་རྫོང་གི་རིམ་པ་ལས་ཕྱིར་བུད་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་རྣམ་འགྱུར་ཧ་ཅང་བཟང་བ་དང་། སྤྱི་ཚོགས་སྤྱི་ཡོངས་ཀྱི་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱས་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་མིག་སྔའི་རྒྱལ་ཁབ་ཀྱི་ཆེ་ཕྱོགས་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་ནང་མཁོ་རྒྱ་སྐྱེད་པའི་སྲིད་ཇུས་རབ་དང་རིམ་པ་སྤྱོད་པའི་ཐད་ནས་ཁྱེར་ཡོང་བའི་གོ་སྐབས་གསར་བར་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བསམ་ཕྱོགས་བྱེད་ཐབས་ལ་འཆར་འགོད་ཞིབ་མོ་བྱེད་པ། ཧུར་ཐག་གིས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བཟོས་པའི་གནོད་པ་ཁྱད་སེལ་བྱེད་པ། འགན་སྲུང་དྲུག་གི་བྱ་བའི་རེ་བ་གསར་བ་དམ་འཛིན་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་ལས་དོན་སྣ་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་ངང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཆེད་དོན་སྐོར་ཞིབ་དང་གྲུབ་འབྲས་དཔྱད་ཞིབ་སོགས་ཐད་ཀྱི་ཡར་ཞུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་དམ་འཛིན་བྱས་ནས། ཁ་གསབ་བྱ་བ་བཟང་བོར་བསྒྲུབ་དགོས། རིམས་ནད་ཀྱི་གནོད་པར་རྒྱུས་ལོན་བྱས་ཏེ། ཕན་ཡོད་བྱེད་ཐབས་སྤྱད་དེ་ཉམས་ཞན་སར་ཁ་གསབ་བྱེད་དགོས། དབུལ་བོའི་ཞྭ་མོ་ཕུད་ཀྱང་ལྟ་སྐུལ་མི་ལྷོད་པའི་རེ་བ་ལྟར། དབུལ་སྐྱོར་ཁྱབ་ཁོངས་ཀྱི་བྱ་བ་སྣ་ཚོགས་ཀྱི་ལྟ་སྐུལ་དང་དོ་དམ་ལ་ཤུགས་བསྣན་ནས། བྱ་བ་སྤེལ་ཤུགས་ཆེར་གཏོང་བ་དང་དབུལ་སྐྱོར་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཁག་ཐེག་བྱེད་དགོས། དཔལ་འབྱོར་གཏན་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ལས་འགན་རེ་བར་དམིགས་ནས། ཁྱད་ལྡན་ཞིང་ཕྱུགས་ལས་དང་གཏན་འཇགས་རྒྱུ་ནོར་དངུལ་གཏོང་། ཁྱད་ལྡན་ཐོན་ལས། ཁོངས་ཡོངས་སྐྱེ་ཁམས་གནས་སྐོར་སོགས་ཀྱི་བྱ་བ་སྣ་ཚོགས་ལ་འཆར་འགོད་བྱེད་པ། ཁོར་ཡུག་བཅོས་སྐྱོང་ཆེན་པོར་ཤུགས་བསྣན་ནས། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

རྡོ་རྗེ་རབ་བརྟན་ད་དུང་ཞང་དང་གྲོང་རྡལ་དུ་སོང་ནས་གཞི་རིམ་སྲིད་གྲོས་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས་པ་དང་། ཁྲི་ཀ་རྫོང་གིས་ཞང་དང་གྲོང་རྡལ་དུ་ཨུ་ཡོན་གྱི་ཁྱིམ་ཚང་དང་ཨུ་ཡོན་འབྲེལ་འདྲིས་གཞུང་སྒྲུབ་ཁང་འཛུགས་པ་སོགས་ཀྱི་བྱེད་ཐབས་ལ་གདེང་འཇོག་མཐོན་པོ་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།