ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཟླ་བཞི་པའི་ཚེས་ཉེ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་གིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་གྲོང་གསེབ་བཅོས་སྐྱོང་ནུས་ལྡན་དང་གཙང་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པར་མ་ཟད། 《མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་ཁུལ)གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་རིགས་དབྱེ་ཐག་གཅོད་ཀྱི་བསམ་འཆར》དང་། 《རྒན་གསོའི་ཞབས་ཞུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་བྱ་ཐབས་འགའ་ཞིག》《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། 
  གྲོས་ཚོགས་ལས་བསྟན་དོན། གྲོང་གསེབ་ནུས་ལྡན་ངང་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས། ཏང་གིས་གྲོང་གསེབ་བཅོས་སྐྱོང་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་དེ་རྩ་བ་སྔར་ལས་ཇེ་བརྟན་དུ་གཏོང་བའི་ཐབས་ཇུས་སུ་བརྩི་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱ་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ་བཅས་བྱེད་དགོས། ཏང་ཨུ་ཡིས་འགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར། སྤྱི་ཚོགས་ཀྱིས་མཉམ་སྒྲུབ། མང་ཚོགས་ཐེ་ཞུགས། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་དེང་རབས་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་སྒྲིག་སྲོལ་གང་མགྱོགས་འཐུས་ཚང་དུ་གཏོང་བ་དང་། རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་བཅོས་སྐྱོང་བྱེད་པ་བཅས་ཟུང་འབྲེལ་བྱེད་པའི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་རྣམ་པ་ཆགས་པར་བྱས་ནས། གྲོང་གསེབ་ཀྱི་སྤྱི་ཚོགས་གསོན་ཤུགས་ཀྱིས་ཁེངས་པར་བྱེད་པ་དང་། འཆམ་མཐུན་དང་གོ་རིམ་ལྡན་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།
 གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་བཀག་ལྟར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་ཞིང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལོ་གཉིས་ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཚོད་ལྟའི་ལས་འགན་ཚང་མ་ཡོངས་འགྲུབ་བྱས་ཟིན་པར་མ་ཟད། ད་ལོ་བུ་བཅོལ་ཁང་འཛུགས་པའི་ཆ་རྐྱེན་སྤྱིར་ན་འཛོམས་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ནས། “ཆེ་ཤོས་གསུམ”གྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམིགས་ཚད་ལ་དམིགས་པ་དང་མཐུན་སྦྱོར་མཉམ་འགུལ་བྱེད་པ། རིགས་དབྱེ་ཇུས་འདོན་དང་གཙོ་གནད་ཚད་བརྒལ་བྱེད་པ། རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་སྤྱི་འདོམས་སྐུལ་འདེད་གཏོང་བ། ཚོད་ལྟའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། སྒྲིག་སྲོལ་ཚོད་ལྟའི་ཉམས་མྱོང་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱེད་པ། འབྲེལ་ཡོད་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གིས་དུས་བཀག་ལྟར་སྤྱི་གླིང་འཛུགས་པ་དང་རྩེར་སོན་གཏོད་པ། རྩེ་གྲ་གཏོད་པ་བཅས་བྱས་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཟེར།

གྲོས་ཚོགས་ལས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་དང་རང་རྟོགས་ངང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་འཁུར་བ། “སྐྱེ་ཁམས་སྔོན་ལ་འཇོག་པ་དང་ཕྱོགས་ཡོངས་ནས་ཕྱིར་འཐེན་བྱེད་པ། རིགས་དབྱེ་ཐག་གཅོད་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། དྲང་བདེན་དྲང་གཞག་དང་ལུགས་མཐུན་ཁ་གསབ། འགན་འཁྲི་དོན་འཁྱོལ། སྣོད་བཅུད་སླར་གསོ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ས་ཁུལ)གྱི་གཏེར་ལས་དབང་ཆ་བརྟན་པོའི་ངང་ཕྱིར་འཐེན་བྱ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།    གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རྒན་གསོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མི་སེར་གྱི་བདེ་ཐང་བདེ་སྐྱིད་དང་ཐད་ཀར་འབྲེལ་བ་ཡོད། རྒན་གསོའི་ཞབས་ཞུའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གཞི་རྩའི་ཞབས་ཞུའི་མཁོ་སྤྲོད་སྔར་ལས་ཇེ་ལེགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གཞི་རྩའི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།རྒན་གསོའི་ཞབས་ཞུའི“འགག་གནད”དང“དཀའ་གནད”སེལ་གང་ཐུབ་བྱེད་པ། ཁྱིམ་སྡོད་གཞིས་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་ལུས་གསོ་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱེད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤུས་ཚད་རྩ་བར་འཛིན་པ་དང་བདེ་འཇགས་གཙོ་བོར་འཛིན་པ། རང་བྱུང་འཆམ་གནས། ལྗང་མདོག་འཕེལ་རྒྱས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས། གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་གི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ལམ་གྱི་གནས་ཚུལ་ཆུ་ཚད་དང་ལམ་ཁོངས་ཁོར་ཡུག་རྩ་བའི་ཆ་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་སྤྱི་པའི་ཞབས་ཞུ་གཞི་རྩའི་ཆ་ནས་དོ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་གཞུང་ལམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་རོང་འབྲོག་མི་དམངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”ཐོག་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པར་བྱེད་དགོས་ཟེར།  གྲོས་ཚོགས་ལས་ད་དུང་ལས་རིམ་གཞན་ལའང་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།