མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་མཚོ་སྔོན་གྱི་ཆུ་མཚེའུ་སྤྱི་ཁྱབ་དཔོན་ཝང་ཅན་ཅུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་པ། དུས་ཀྱིས་སུ་ལའང་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་དང་གཙང་པོ་དང་མཚེའུ་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་འདུ་ཤེེས་བཅིངས་ནས་གཙང་པོ་དང་མཚེའུ་ཡི་དོ་དམ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་གཏིང་ཟབ་ཏུ་འགྲོ་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ངམ་མཚོ་སྔོན་གྱི་ཆུ་མཚེའུ་སྤྱི་ཁྱབ་དཔོན་ལིག་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཝང་ཅན་ཅུན་གྱིས་བསྟན་དོན། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་ནི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་དང་། གཙང་པོ་དང་མཚེའུ་ཡི་བདེ་ཐང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག ཆུའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་ཆུའི་བདེ་འཇགས་འགན་ལེན་བྱེད་པའི་གསར་གཏོད་ཀྱི་ལམ་ལུགས་ཤིག་བཅས་རེད། མཚོ་སྔོན་གྱིས་ཆུ་ལ་བརྟེན་ནས་མིང་དུ་གྲགས་ཤིང་། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”དང་། “ཀྲུང་ཧྭའི་ཆུ་མཛོད”ཀྱི་དབང་གིས་འཛམ་གླིང་གིས་ཤེས་རྟོགས་བྱུང་བ་དང་། མཚོ་སྔོན་ཡང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པས། ཆུ་ནི་མཚོ་སྔོན་གྱི་གསེར་གྱི་མིང་བྱང་བུ་ལྟ་བུ་ཡིན། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་ལེགས་བཅོས། ཆུའི་སྣོད་བཅུད་སླར་གསོ་བཅས་ཀྱི་འགན་འཁྲི་ཡག་པོ་འཁུར་བ་དང་། མཚོ་སྔོན་གྱི་གསེར་གྱི་མིང་བྱང་ཇེ་ཡག་ཏུ་གཏོང་བའི་འགན་འཁྲི་གལ་ཆེན་འཁུར་བ། ཧུར་ཐག་གི་འགུལ་སྐྱོད་དང་གྲུབ་འབྲས་ལ་བརྟེན་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཉམས་མྱོང་བཟང་པོར་འཚོལ་ཞིབ་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་དགོས། སྐྱེ་ཁམས་ནི་ཆུ་དང་བསྟུན་ནས་མཛེས་སྡུག་ལྡན་པར་གྱུར་པས་ན། རྩ་ཆེའི་རྒྱུ་ནོར་ལ་གཅེས་སྤྲས་བྱེད་དགོས། ཆུ་ནི་སྣོད་བཅུད་ཀྱི་རྨང་གཞི་དང་མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། སྦས་ཤུགས་ཆེ་ཤོས་བཅས་ཀྱི་རྨང་གཞི་རེད། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་དོན་འཁྱོལ་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྐུལ་འདེད། “དཔལ་འབྱོར་གྱི་རྣམ་པ་བཞི”འཛུགས་སྐྲུན་བཅས་བྱས་ཏེ། ཆུའི་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། ཆུ་ལ་གཅེས་སྤྲས་གྲོན་ཆུང་དང་། ཆུ་ལ་དོ་དམ་བཅོས་སྐྱོང་། ཆུ་སྲུང་སྐྱོང་། ཆུ་བཀོལ་སྤྱོད་བཅས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། ཆུ་བོ་དང་མཚེའུ་ཡི་བདེ་ཐང་སྲུང་མཁན་ཡག་པོ་བྱེད་པ་བཅས་བྱས་ཏེ། ཆུ་དེ་མི་རིགས་ཁག་གི་མི་དམངས་ཀྱིས་དུས་གཏན་དུ་ལོངས་སུ་སྤྱོད་པའི་རྒྱུ་ནོར་དུ་འགྱུར་བར་བྱེད་དགོས། འཕེལ་རྒྱས་ནི་ཆུ་དང་འགྲོགས་ནས་འབྱུང་བཞིན་ཡོད་པས་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་བྱ་དགོས། མཚོ་སྔོན་སྐྱོང་བའི་ཐབས་ཇུས་ལས་ཆུ་ནི་སྲིད་དོན་ཆེན་མོ་ཡིན་པ་དང་། ཆུ་ནི་འཕེལ་རྒྱས་ཀྱི་སྲོག་རྩ་ཡིན་པས། ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་བྱེད་དང་། ཆུ་ལ་བརྟེན་ནས་ས་གནས་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་མི་གཏན་འཁེལ་བྱེད་པ། ཆུ་ལ་བརྟེན་ནས་ཐོན་སྐྱེད་གཏན་འཁེལ་བྱེད་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རང་བྱུང་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཕེལ་རྒྱས་ཀྱི་སྲོག་རྩ་རྒྱུན་འཁྱོངས་བྱས་ནས་གཙང་པོ་དང་མཚེའུའི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། མཚོ་སྔོན་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་རྒྱུན་ཆད་མེད་པའི་ཆུའི་འདེགས་སྐྱོར་དང་འགན་ལེན་བྱེད་དགོས། འཚོ་བ་ནི་ཆུ་དང་བསྟུན་ནས་འགྱུར་བ་འབྱུང་བཞིན་ཡོད་པས། མི་དང་ཆུ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ཞིང་། ཚེ་སྲོག་ཆུ་དང་བསྟུན་ནས་མི་རབས་ནས་མི་རབས་བར་མི་ཉམས་པ་དང་། འཚོ་བ་ཆུ་དང་བསྟུན་ནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བས། དྲིན་ཚོར་དང་དད་གུས་ཀྱི་སེམས་པས་ཆུ་དང་ཚེ་སྲོག ཆུ་དང་འཚོ་བ་བཅས་ལ་ལྟ་སྟངས་ཡག་པོ་འཛིན་དགོས།

ལིག་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། མཚོ་སྔོན་གྱི་ཆུ་རྒྱུད་ཀྱི་ཆུ་འགོར་བདག་སྐྱོང་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ། གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བཅས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་གཙང་པོ་དང་མཚེའུའི་སྣོད་བཅུད་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གིས་ཆགས་པར་བྱེད་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་རིམ་པའི་ཆུ་མཚེའུའི་འགན་འཁྲི་དཔོན་ལིས་ཅེ་ཞང་གིས《གཙང་པོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས་པ་དང་། ཞིང་ཆེན་རིམ་པའི་ཆུ་མཚེའུའི་འགན་འཁྲི་དཔོན་ཡན་ཅིན་ཧའེ་ཡིས་ཞིང་ཆེན་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་ཀའི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་། ཡུས་ཚུང་ལི། ཉའོ་ཁྲིན་ཡུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། གྲོང་ཁྱེར་དང་ཁུལ་སོ་སོའི་ཆུ་མཚེའུ་སྤྱི་ཁྱབ་དཔོན་སོ་སོས་གཏམ་བཤད་དང་ཡིག་ཐོག་གི་རྣམ་པའི་ཐོག་ནས་ལས་དོན་སྒྲུབ་ཚུལ་སྙན་ཞུ་བྱས་པ་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།