མཚོ་སྔོན་ཞིང་ཆེན་གྱིས་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཐེངས51པའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན་ནི་འཛམ་གླིང་གི་སའི་གོ་ལའི་ཉིན་མོ་ཐེངས51པ་ཡིན་ཞིང་། ཐེངས་འདིའི་བརྗོད་དོན་ལ“སའི་གོ་ལར་གཅེས་སྤྲས་བྱ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད”ཅེས་པ་རེད། ཉིན་ཤས་སྔོན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་དུས་ཡུན་གཟའ་འཁོར་གཅིག་རིང་གི“ཡུལ་སྐོར་འགྲེམས་ཁང་དང་། མགྲིན་ཚབ། བརྙན་ཕབ་པར་ལེན་མཉམ་སྤྱོད། ཨང་གཤེར། ལན་འདེབས། ཐད་གཏོང”སོགས་དྲ་ཐོག་དང་དྲ་ཕྱིའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། 

ཤེས་རྟོགས་བྱུང་བ་ལྟར་ན། ཟླ4པའི་ཚེས20ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་སྟོན་ཁང་གིས“མཚོ་བོད་མཐོ་སྒང་སྲུང་སྐྱོང་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད། རང་བྱུང་ཐོན་ཁུངས་ཐད་ཀྱི་བྱ་སྤྱོད་སྤེལ་གྱིན་པའི”ཆེད་དོན་བཅར་འདྲི་དང་། “ངས་རང་བྱུང་ཁམས་ཀྱི་འགྲིན་ཚབ་བྱེད།”ཅེས་པའི་བརྗོད་དོན་བརྙན་ཐུང་འཚོལ་བསྡུ་སོགས་ཀྱི་བྱེད་སྒོ་སྤེལ། དེའི་རིང་ཁྱོན་བརྙན་ཟློས18འཚོལ་སྡུད་བྱས་པ་དང་། ཆེད་མཁས་པ་དང་མཁས་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་སོགས་འཐུས་མི་གདན་དྲངས་ནས་སའི་གོ་ལར་གཅེས་སྤྲས་དང་མཚོ་བོད་མཐོ་སྒང་སྲུང་སྐྱོང་སོགས་ཀྱི་ནང་དོན་ཐད་བསམ་བློ་བརྗེ་རེས་བྱས།  

དུས་མཚུངས་སུ། ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་རྟེན་གཞི་བྱས་ཤིང་།  “རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་། སྐྱེ་ཁམས་སྲུང་ཡོལ། རྒྱལ་ཁབ་སྤྱི་གླིང་། ཐོན་ཁུངས་ནུས་ཁུངས”བཅས་མིང་བྱང་བཞི་དྲིལ་བསྒྲགས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། རང་བྱུང་ཐོན་ཁུངས་ཐིན་གྱི་ཆེད་བསྐོས་ལྟ་ཞིབ་པ་གཞོན་པ་དབྱང་ཀྲན་ཅུན་དང་མཚོ་སྔོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་ཧྥུང་ཀུའེ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་སྐྱེ་ཁམས་བདག་སྐྱོང་བ་དབང་ཕྱུག ཀྲུང་གོའི་གླུ་སྐད་སྙན་མོའི་ཨང་དང་པོ་ཐོབ་མཁན་བསྟན་འཛིན་ཉི་མ་བཅས་མི་བཞི་ཡིས་འགྲིན་ཚབ་པ་བྱས་ནས“རབ་མཛེས་ཀྱི་མཚོ་སྔོན། རང་བྱུང་གི་སྒེའུ་ཁུང”འོས་སྦྱོར་ངོ་སྤྲོད་བྱས་པ་རེད། 

གཞན་ཡང་། སྤྱི་ཚོགས་ལས་རིགས་སོ་སོ་རྩ་འཛུགས་བྱས་ནས“སའི་གོ་ལའི་ཉིན་མོའི་སྤྱི་ཕན་བྱེད་སྒོར་ང་ཞུགས་རྒྱུ་དང་ངས་མཉམ་སྤྱོད་བྱ་རྒྱུ་ཡིན”ཞེས་པའི་ཨང་གཤེར་དོ་ཁུར་ལ་བྱ་དགའ་སྤྲོད་པའི་བྱེད་སྒོ་དང་། ཡུལ་དངོས་སུ་རང་འགུལ་ངང་བརྙན་ཐུང་བླངས་ནས་འདར་དབྱངས་དང་། མགྱོགས་འཕྲིན། ཉིན་རེའི་གསར་འགྱུར་གལ་ཆེན། སྐད་འཕྲིན་གྱི་གྲོགས་ཚོགས་སོགས་འཕྲིན་སྟེགས་སུ་བཏང་ན་ལེགས་སྐྱེས་ཡོད་ཅེས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཐོག་སའི་གོ་ལའི་ཉིན་མོའི་ཤེས་བྱའི་ལག་དེབ་དང་རང་བྱུང་ཐོན་ཁུངས་དོ་དམ་གྱི་ཤེས་བྱའི་དྲི་བ100སོགས་དྲིལ་བསྒྲགས་ཡིག་ཆ1000ལྷག་ཙམ་སྤྲད། 

ཤེས་རྟོགས་བྱུང་བ་ལྟར་ན། འཛམ་གླིང་སའི་གོ་ལའི་ཉིན་མོའི་བརྗོད་དོན་དྲིལ་བསྒྲགས་བྱེད་སྒོའི་གཟའ་འཁོར་ནི་ཟླ4པའི་ཚེས་20ཉིན་ནས་ཟླ་4པའི་ཚེས་26ཉིན་བར་ཡིན་ལ། བྱེད་སྒོ་སྤེལ་རིང་རང་བྱུང་ཐོན་ཁུངས་ཀྱི་ཚན་རིག་ཁྱབ་གདལ་རྟེན་གཞི་དག་རིན་མེད་པར་སྒོ་ཕྱེས་རྒྱུ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།