​རྩེ་ཁོག་རྫོང་གིས་འབྲོག་ལས་འཕེལ་རྒྱས་ཀྱི“སྒུལ་ཤུགས་གསར་པ”བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་མཚོ་སྔོན་ཞིང་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་ཚན་རིག་ཁང་དང་། མཚོ་སྔོན་ཞིང་ཆེན་ཕྱུགས་རིགས་སྨན་པའི་ལས་རིགས་ལག་རྩལ་སློབ་གླིང་བར “རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་པའི་ཚན་རྩལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་མཉམ་ལས་གྲོས་གཞི”བཞག་པ་དང་། མ་འོངས་པའི་ལོ་ཤས་ནང་ཕྱོགས་གཉིས་ཀས་ལེགས་ཆ་གང་ལེགས་འདོན་སྤེལ་དང་འབྲེལ་བ་དམ་ཟབ་བྱས་ཏེ། མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་ནོར་ལུག་གསོ་ཚགས་རྟེན་གཞི་དང་འབྲོག་ལས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་བཙུགས་ནས། སྐྱེ་ལྡན་ནོར་ལུག་གི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆར་ཧུར་ཐག་གིས་ཐག་གཅོད་བྱས་ཏེ་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་ཕྱུག་འགྱུར་གྱི་དཔེ་མཚོན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

ན་ནིང་ནས་བཟུང་རྩེ་ཁོག་རྫོང་གིས་རྒྱལ་ཁབ་ཀྱི་དེང་རབས་ཞིང་ཆེན(འབྲི་གཡག)ཐོན་ལས་གླིང་འཛུགས་པའི་ཁེ་ཕན་གོ་སྐབས་དང་བསྟུན་ནས་འབྲི་གཡག་དང་བོད་ལུག་གི་ཕ་ས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་ནོར་ལུག་བསྡུ་འགྲེམས་ཉོ་ཚོང་ལྟེ་གནས་བཙུགས་ནས་རིམ་སྐྲུན་དང་། རིམ་གསབ། རིམ་བསྲིངས། རིམ་སྣོན་བཅས་ཀྱི་སྤུས་ལེགས་ཁེ་ལས་ཁག་གཅིག་སྐྱེད་སྲིང་དང་ནང་འདྲེན་བྱས་ཡོད། ཁེ་ལས་དེ་དག་གིས་རྫོང་ཡོངས་ཀྱི་འབྲི་གཡག་དང་བོད་ལུག་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ལྡན་འབྲོག་ལས་ཁུངས་འདེད་ཆོག་པའི་མ་ལག་ལས་སྟེགས་འཛུགས་སྐྲུན་སོགས་ཀྱི་ཐད་རྫོང་ཡོངས་ཀྱི་སྐྱེ་ཁམས་སྐྱེ་ལྡན་འབྲོག་ལས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

ཁེ་ལས་སྐྱེད་སྲིང་གི་ཞབས་ཞུའི་ལས་དོན་བཟང་པོ་སྒྲུབ་པ་དང་དངོས་ཚན་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་གཏོང་ཆེད། རྫོང་འདིས་ཁེ་ལས་དང་གླིང་ཁུལ་འཕེལ་རྒྱས་ཀྱི་དགོས་མཁོར་དམ་དུ་དམིགས་ནས་ཤེས་ལྡན་མི་སྣ་ནང་འདྲེན་དང་སྐྱེད་སྲིང་ལས་གཞི་ཤུགས་ཆེན་པོས་ལག་བསྟར་བྱས་ཏེ། “གཅིག་སྡུད་+འཁོར་རྒྱུག”དང“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”སོགས་གསོ་སྦྱོང་བྱེད་སྟངས་བརྒྱུད། ས་གནས་དེ་གའི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣས་ཐོན་ལས་འཕེལ་རྒྱས་ཁྲོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཐོན་པ་བྱས་ཏེ་ཤེས་ལྡན་མི་སྣས་ཐོན་ལས་ལ་སྣེ་ཁྲིད་དང་ཐོན་ལས་གཅིག་སྡུད་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་ཡོད་པ་རེད། མིག་སྔའི་བར་དངོས་སྤྱོད་ཤེས་ལྡན་མི་སྣ་དང་ཞིང་འབྲོག་པའི་སློབ་གསོ་གསོ་སྦྱོང་སོགས་བརྗོད་དོན་གཙོ་བོའི་གསོ་སྦྱོང་ལས་གཞི་ཐེངས50ལྷག་ཙམ་སྤེལ་བ་དང་མི་གྲངས3250ལ་གསོ་སྦྱོང་བྱས་པས། རིམ་པ་ཁག་གི་ལས་བྱེད་ཤེས་ལྡན་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་། ནུས་རྩལ་ཆུ་ཚད། ལས་སྒོའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། །   

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།