​མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་ལས་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4ཚེས22ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཚོང་ལས་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་ཚོགས་འདུ་འཚོགས་ནས། རང་ཞིང་གི་ཚོང་ལས་འཛད་སྤྱོད་དུས་བབ་ལ་དབྱེ་ཞིབ་དང་། ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་བསམ་འཆར་གྲོས་གཞིར་གསན་ཅིང་། རྗེས་ཕྱོགས་ཀྱི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་མཛད་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱི་ཚོང་ལས་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་བགྱིས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ལིག་ཉིང་གིས་བསྟན་དོན། འཛད་སྤྱོད་ནི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི“ཤིང་རྟ་འཁོར་ལོ་གསུམ”གྱི་གྲས་ཤིག་ཡིན་ལ། “བརྟན་ལྷིང་དྲུག”དང“འགན་ལེན་དྲུག”གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་། རང་ཞིང་གི་འཛད་སྤྱོད་ཁྲོམ་ར་བརྟན་པོ་ཡིན་མོད། ཞན་ཆ་དང་མི་འདང་བའི་ཆ་ཡང་སྔར་བཞིན་ཁ་ཤས་གནས་པ་ཡོད་པ་དང་། ལྷག་པར་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་སྟབས་ཀྱིས་ད་ལོའི་དུས་ཚིགས་དང་པོར་སྤྱི་ཚོགས་ཀྱི་ཡོང་འབབ་སྡོམ་འབོར་ཆེས་ཆེར་མར་ཆག་ཡོད་ཅེས་བསྟན་པ་དང་། ཁོང་གིས་ནན་གསུང་གནང་དོན། མིག་སྔར་རང་ཞིང་གི་རིམས་ནད་འགོག་སྡོམ་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་མྱུར་སྒོས་སླར་གསོ་བྱུང་ལ། ཚོང་དོན་འཁོར་རྒྱུག་གི་ཚོང་ཁྲོམ་སླར་གསོ་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚོང་ལས་འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་སྲིད་ཇུས་བྱ་ཐབས་དང་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་འཛད་སྤྱོད་རིམ་སྤོར་གྱི་འཕེལ་ཕྱོགས་དང་བསྟུན་པ། འཛད་སྤྱོད་ཀྱི་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་པ་དང་། འཛད་སྤྱོད་ཀྱི་བར་མཐོངས་གསར་པ་མཐོར་བཏེགས་ནས། རིམས་ནད་འགོག་སྡོམ་ཁྲོད་ཚོད་འཛིན་ཐེབས་པ་དང་བསྡམས་བཅད་བྱུང་བའི་འཛད་སྤྱོད་དགོས་མཁོ་ཕྱིར་ལྷོད་པ་དང་། རིམས་ནད་འགོག་སྡོམ་ཁྲོད་ཐོན་པའི་འཛད་སྤྱོད་ཀྱི་གཏིང་ཤུགས་དང་འགུལ་ནུས་གསར་པ་བརྟན་པོར་རྒྱ་སྐྱེད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་དང་རྟིང་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྟིང་ཐག་གཅོད་པ། ལོ་འཁོར་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་དུ་ལེགས་སྐྱེས་མང་ཙམ་དབུལ་དགོས་ཞེས་གསུངས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ4པའི་ཚེས17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་ཕྱོགས་སྒྱུར་བ་དང་བྱ་ཐབས་ལ་ཤུགས་བསྣན་ནས་འཛད་སྤྱོད་རྒྱ་སྐྱེད་པ་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཁོང་དུ་ཆུད་པ་དང་། ལས་སྟེགས་ཡག་པོ་སྐྲུན་པ། མ་དངུལ་ལེགས་པར་སྤྱོད་པ། ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྡོམ་རྩིས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ལག་ལེན་དུ་འཁྱོལ་ཐུབ་པ་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་བྱ་ཐབས་ཞིབ་འཇུག་བགྱིས་ནས་ཚོང་ལས་འཛད་སྤྱོད་བརྟན་པོར་འཕར་རྒྱུར་སྐུལ་འདེད་གཏོང་དགོས། འགོ་ཁྲིད་ལ་ཤུགས་སྣོན་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་ཏན་གྱིས་ཐུན་མོང་གིས་སྐུལ་འདེད་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ། རིམས་ནད་འགོག་སྡོམ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།