ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་། ནོར་སྲིད་ཐིན་གྱིས་རྒྱལ་ཡོངས་ཀྱི་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ལ་ཐོག་དང་པོའི་མངགས་བཅོལ་མ་དངུལ་སྒོར་དུང་ཕྱུར23.98བཏང་བ་དང་། དེའི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་མ་འཇོག་དངོས་སུ་གཉེར་སྐྱོང་བྱས་པ་མཚོན་པ་རེད། ཐེངས་འདིའི་མ་འཇོག་གིས2019ལོའི་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་ལྷག་གྲངས་སྡོམ་རྩིས་བྱས་ན་སྒོར་དུང་ཕྱུར46.9ཡི51.1%ཟིན་ཡོད།
རྒན་གསོའི་འགན་བཅོལ་ཐེབས་རྩའི་མངགས་བཅོལ་མ་དངུལ་ལས་དོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེབས་རྩའི་འཁོར་སྐྱོད་ཉེན་ཁ་འགོག་ཟོན་དང་། ཐེབས་རྩའི་འདེགས་སྐྱོར་ནུས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་ལ་ཤུགས་བསྣན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་ཐོབ་ཐང་སྐོར་གྱི་བྱེད་ཐབས་གལ་ཆེན་མཐོར་འདེགས་སུ་བཏང་སྟེ། ཐད་ཀར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱ་ཆེའི་གྲོང་མིའི་ཁེ་ཕན་ལ་འབྲེལ་བ་ཟབ་མོ་ཡོད། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་དང་འབྲེལ་ཡོད་ཀྱི་བཀོད་སྒྲིག་དང་གཏན་འཁེལ་གཞིར་བཟུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་མངགས་བཅོལ་མ་འཇོག་གི་ལས་དོན་སྤེལ་འགོ་ཚུགས་ཏེ། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལས་འཛིན་ལྷན་ཚོགས་ཀྱིས《གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་མངགས་བཅོལ་མ་དངུལ་འཇོག་པའི་གན་རྒྱ》བཞག་པ་དང་། མངགས་བཅོལ་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར50ཡིན་པ་དང་། ལོ་གསུམ་དུ་བགོས་ནས་སྤྲོད་དགོས་ལ། མངགས་བཅོལ་མ་དངུལ་འཇོག་པའི་དུས་ཡུན་ནི་ལོ5དང་མཐའ་མའི་ཁེ་ཕན་འགན་ལེན་བྱ་རྒྱུར་ཁས་ལེན་དགོས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐེབས་རྩའི་མངགས་བཅོལ་མ་དངུལ་སྒོར་དུང་ཕྱུར24བཏང་།