མཚོ་སྔོན་ཞིང་ཆེན་གྱིས་གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་དོ་དམ་བྱ་བར་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་དོ་དམ་བྱ་བར་སྔར་བས་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས《གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་དོ་དམ་བྱ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》བཀྲམ་པ་རེད།

བརྡ་ཐོའི་ནང་ས་གནས་ཁག་གི་ལས་ཁུངས་སོ་སོས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་དང་མཚོ་སྔོན་གྱིས་བཏོན་པའི་གླ་ཕོགས་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ། གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་དོ་དམ་ལས་དོན་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱི་ཡོངས་ཀྱི་ལས་ཀའི་ཁྲོད་བཞག་སྟེ་ཁ་ཕྱོགས་དམ་འཛིན་དང་། དོན་འཁྱོལ་དམ་འཛིན། ཕན་འབྲས་དངོས་ལ་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད་ལ། བརྡ་ཐོའི་ནང་ས་གནས་ཁག་གི་ལས་ཁུངས་སོ་སོས《མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་རེ་ཞུའི་བཀོལ་སྤྱོད་བརྒྱུད་རིམ》གྱི་གཏན་འབེབས་གཞིར་བཟུང་། གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་རེ་ཞུའི་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ནན་ཏན་གྱིས་གཞུང་ཞབས་པའི་གཞི་རྩའི་ཆ་འཕྲིན་ལ་ཞིབ་བསྡུར་བྱེད་པ། གླ་ཕོགས་དོ་དམ་གྱི་རྩིས་ཐོ་དང་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཆ་འཕྲིན་འགྱུར་ལྡོག་གི་བྱ་བ་དུས་ཐོག་ཏུ་སྒྲུབ་པ་བཅས་བྱས་ནས་ཆ་འཕྲིན་ཅན་དང་། འགུལ་རྣམ་ཅན། ཚན་རིག་ཅན། ལས་ཕྱོད་ཆེ་བ་བཅས་ཀྱི་གཞུང་ཞབས་པའི་གླ་ཕོགས་དོ་དམ་བྱེད་སྟངས་གོ་རིམ་ལྡན་པར་ཆགས་པ་བྱེད་དགོས་པ་མ་ཟད། ནན་ཏན་གྱིས་རེ་ཞུའི་དུས་བཀག་བཟོ་བ་དང་། ཞིབ་བཤེར་གཏན་འབེབས་ཀྱི་འགག་སྒོ་སྲུང་རྒྱུར་ཤུགས་སྣོན་རྒྱག་པ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་བཏོན་ནས་གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་དོ་དམ་བྱ་བར་སྐུལ་འདེད་གཏོང་བ། བྱ་བའི་སྒྲིག་ཁྲིམས་གཟབ་ནན་དུ་བཏང་ནས་གཏན་འབེབས་ལ་འགལ་བ་དང་རྫུན་བཟོའི་བྱ་སྤྱོད་ཀྱི་རིགས་ལ་རྩད་གཅོད་གསལ་བོ་བྱས་མ་ཐག་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་གཙོ་བོ་དང་མི་དོན་རྩ་འཛུགས་ལས་ཁུངས་ཀྱི་འགན་འཁུར་བའི་འགན་འཁྲི་ལ་རྩད་གཅོད་བྱེད་དགོས་པར་ནན་གྱིས་བསྟན་ཡོད། 

བརྡ་ཐོའི་ནང་གཞུང་ཞབས་པའི་གླ་ཕོགས་ལས་སྒོའི་དོ་དམ་བྱ་བ་དེ་རྨང་གཞིའི་རང་བཞིན་དང་ཡུན་བརྟན་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་ཇུས་འགོད་ལ་དམ་འཛིན་དང་། ཐུན་མོང་གིས་ཞིབ་འཇུག འགན་འཁྲི་ཁ་གསལ། གཅིག་གྱུར་གྱིས་ལག་བསྟར་བྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་མ་ཟད། དཔུང་ཁག་རྩ་འཛུགས་བྱེད་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོའི་འཇོན་ཐང་ཆེ་བའི་ལས་བྱེད་པ་གླ་ཕོགས་ལས་སྒོའི་དོ་དམ་ལས་རྐང་དུ་བདམས་ནས་གླ་ཕོགས་ལས་སྒོའི་ལས་བྱེད་པ་བལྟོས་བཅས་ཀྱིས་བརྟན་འཇགས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལས་སྒོའི་བྱ་བའི་“སྤེལ་རོགས་ཁྲིད་གསུམ་”ལ་ཤུགས་སྣོན་རྒྱག་པ་དང་། རྒན་ཚབ་གསར་བརྗེ། མི་སྣ་བརྗེ་སྤོར་རྒྱག་པ་བཅས་བྱས་ནས་བྱ་བ་རྒྱུན་མི་ཆད་པར་བྱེད་པ། དུས་བཀག་ལྟར་གཞུང་ཞབས་པའི་གླ་ཕོགས་དོ་དམ་གྱི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ནས་ས་གནས་ཁག་གི་ལས་ཁུངས་ཀྱིས་ལས་དོན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ལ་ཁྲིད་སྟོན་དང་ལྟ་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།