ལིག་ཉིང་གིས་རྨ་ལྷོ་ཁུལ་རེབ་གོང་རྫོང་དུ་དབུལ་ཐར་འགག་སྒྲོལ་བྱ་བར་བརྟག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་གིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་དབུལ་ཐར་འགག་སྒྲོལ་བྱ་བར་བརྟག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་གཞིར་བཟུང་རྒྱལ་ཁ་ཕུ་ཐག་གཅོད་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པར་བསྟན་པ་མ་ཟད། རིམས་ནད་ཀྱི་ཤུགས་རྐྱེན་མཐའ་གཅིག་ཏུ་སེལ་ཐབས་བྱེད་པ་དང་། ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ནན་མོ་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བཅས་བྱས་ནས་མཉམ་གཅིག་ཏུ་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་ཁྱིམ་གཞིས་གསར་པ་སྐྲུན་དགོས་པར་ནན་གྱིས་བསྟན།

ཟླ4པའི་རེབ་གོང་དུ་དཔྱིད་རླུང་བསིལ་ཞིང་ལྗང་མྱུག་གི་སྐྱེ་སྟོབས་རབ་ཏུ་འབར། ལིག་ཉིང་ཐོ་རྒྱ་གྲོང་རྡལ་འབྲོང་སྟག་ཐང་གི་བཟོ་གྲྭའི་འཁོར་ཁང་དུ་བསྐྱོད་དེ་འབྲོག་ལས་ཐོན་རྫས་ལས་སྣོན་དབུལ་སྐྱོར་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་ཞིབ་ཕྲའི་རྟོགས་ཞིབ་གནང་བ་རེད། རྣམ་གྲངས་དེ་འཛུགས་བསྐྲུན་བྱས་རྗེས“ཀུང་སི་དང་། རྟེན་གཞི། འབྲོག་ཁྱིམ། ཁྲོམ་ར་བཅས་ཟུང་དུ་འབྲེལ་བའི”ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ལས་ཞུགས་ལས་གནས200ལྷག་ཙམ་གསར་སྣོན་བྱས་པ་དེས་མཐའ་འཁོར་གྱི་ཞིང་འབྲོག་དུད་ཚང500ལ་སྐུལ་ཁྲིད་བྱེད་ཐུབ་པར་བརྗོད་སྐབས། ལིག་ཉིང་གིས་གཉེར་སྐྱོང་བྱེད་སྟངས་དེ་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་ཐོན་ལས་ལ་སྐུལ་ཁྲིད་བྱ་རྒྱུ་ནི་དབུལ་ཐར་འགག་སྒྲོལ་གྱི་འགག་རྩ་ཡིན་ཞིང་། རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ཁྲོད་ཁོར་ཡུག་སྲུང་སྐྱོང་དང་བཟའ་བཅའི་བདེ་འཇགས་སོགས་ཀྱི་བླང་བྱར་བརྩི་སྲུང་ནན་པོ་བྱེད་པ་དང་། སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བའི་སྒོ་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་སྤྱི་ཚོགས་ཀྱི་ལས་ཞུགས་གནོན་ཤུགས་ཞི་ལྷོད་དུ་གཏོང་བ། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བཅས་བྱེད་དགོས་ཟེར།  

རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་ཁུལ་གསར་པ་འཛུགས་སྐྲུན་བྱ་ཡུལ་དུ་ལིག་ཉིང་གིས་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་འཆར་འགོད་ལ་ནན་ཏན་གྱིས་གསན་རྗེས། སློབ་གསོའི་དབུལ་སྐྱོར་ནི་དབུལ་ཐར་འགག་སྒྲོལ་གྱི་གཞི་རྩའི་བཅོས་ཐབས་ཤིག་ཡིན་པས་མཚོ་སྔོན་རོགས་སྐྱོར་སློབ་གསོའི་ཐོན་ཁུངས་གང་ལེགས་བེད་སྤྱད་དེ་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་དང་། རྨ་ལྷོ་ཁུལ་གྱི་ལས་རིགས་སློབ་གསོའི་ཐོན་ཁུངས་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་ཟླ་སྒྲིལ་ནུས་ལྡན་བྱས་ཏེ་སློབ་གྲྭའི་འཕེལ་རྒྱས་བཟང་པོ་དང་། རྨང་གཞིའི་ནུས་པ། ཤེས་ལྡན་པ་གསོ་སྐྱོང་གི་ནུས་པ། དེ་བཞིན་ཞབས་ཞུའི་ཐོན་ལས་ནུས་པ་བཅས་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་འབྲེལ་མཚམས་ས་ཁུལ་གྱི་སྤུས་རྟགས་སློབ་གྲྭ་ཧུར་ཐག་གིས་འཛུགས་སྐྲུན་བྱས་ཏེ་དབུལ་ཐར་འགག་སྒྲོལ་ལ་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར།

རེབ་གོང་གི་ཐང་གའི་སྒྱུ་རྩལ་གྱི་གྲོང་རྡལ་ཆུང་བ་ནི་སྐད་གྲགས་ཡོད་པའི་རེབ་གོང་སྒྱུ་རྩལ་གྱི“ཐང་གའི་གྲོང་རྡལ”ཞིག་རེད། ལིག་ཉིང་གིས་ཡུལ་དངོས་སུ་གྲོང་རྡལ་ཆུང་བ་འཛུགས་སྐྲུན་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་འབྲེལ་ལས་དོན་མི་སྣ་དང་མཉམ་དུ་མཛའ་བརྩེའི་ལབ་གླེང་ཀྱང་གནང་བ་རེད། ཁོང་གིས་རིག་གནས་སྒྱུ་རྩལ་གྱིས་དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་ནི་མི་རབས་ནས་མི་རབས་བར་ཉམས་པ་མེད་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ལྡན་པའི་དཔེ་དབྱིབས་གསར་པ་ཞིག་ཡིན། རྒྱུན་འཛིན་དང་གསར་གཏོད་ལ་གཞི་བཙུགས་ཏེ་སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་རྒྱུན་འཛིན་ཁྲོད་གསར་གཏོད་བྱེད་པ་དང་། “ཐང་གའི་ཐོན་ལས”དང“སྤྲོ་གསེང་རིག་གནས་ཡུལ་སྐོར་ཐོན་ལས”བཅས་ཀྱི་སྒུལ་ཤུགས་གཉིས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། རིག་གནས་ཀྱི་ཁྱད་ཆོས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱད་ཆོས་མངོན་པར་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རིག་གནས་ཡུལ་སྐོར་སྤུས་རྟགས་གཏོད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་རིམ་སྤོར་འཕར་ཚད་དང་། ས་ཁོངས་གསར་གཏོད་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རིམ་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཟེར།

དགུ་ཆུའི་སྐྱེ་ཁམས་མཚོ་སྙིང་གླིང་ཕྲན་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ལིག་ཉིང་གིས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་དམངས་ཕན་དང་སྐྱེ་ཁམས་དམངས་ཕན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། རི་ལྗང་ཆུ་གཙང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱེ་ཁམས་འཛུགས་སྐྲུན་བྱས་ཏེ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད།

གུ་ར་ཐང་ནི་རེབ་གོང་རྫོང་གི་ལྗང་བསྒྱུར་ཁུལ་གཙོ་བོ་ཞིག་ཡིན་པ་དང་། རྒྱ་ཆེའི་འབྲོག་པ་ཚོས་གསོམ་ཤིང་དང་ཐང་ཤིང་སོགས་སྡོང་ཕྲུག་འདེབས་འཛུགས་བྱེད་བཞིན་ཡོད་པ་མ་ཟད། ལིག་ཉིང་ས་གནས་དེ་གར་སོང་ནས་སྡོང་འཛུགས་ནགས་སྐྲུན་གནས་ཚུལ་ལ་གཟིགས་པ་དང་མང་ཚོགས་རྣམས་དང་བརྩེ་བའི་ལབ་གླེང་གནང་བ་རེད། ཁོང་ཚོས“མཐུན་ཚོགས་དང་ཞིང་དུད་ཟུང་དུ་འབྲེལ་བའི”བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་མངའ་ཁོངས་ལྗང་བསྒྱུར་ལ་སྐུལ་འདེད་བཏང་བ་མ་ཟད། ཞིང་འབྲོག་པའི་ཡོང་འབབ་ཀྱང་མང་དུ་བཏང་བས་ལིག་ཉིང་གིས་དགའ་ཚོར་ཆེན་པོས་དྭངས་ཞིང་སྔོ་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དབུལ་ཐར་འགག་སྒྲོལ་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་“སྔོ་ལྗང་གི་རི་ཆུའི”ལས་གཞི་ལག་བསྟར་བྱེད་པ་དང་། ལྗང་མདོག་གི་སྤྱི་འབོར་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། ལྗང་མདོག་གི་སྤུས་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་མཐོ་རུ་གཏོང་བ། ལྗང་མདོག་དམངས་ཕན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བཤད། 

མཱ་ཅི་ཞའོ་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།