མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་གནད་དོན་བཅོས་སྒྲིག་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་གནད་དོན་བཅོས་སྒྲིག་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་བཀོད་སྒྲིག་ཚོགས་འདུ་ཟི་ལིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་ཆེད་དོན་སྐོར་གཟིགས་ཚོགས་ཆུང་གི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་བརྡ་ཁྱབ་བཏང་བ་དང་། 《དབུལ་ཐར་འགག་སྒྲོལ་གྱི་ཀྲུང་དབྱང་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གྱི་དབུལ་ཐར་འགག་སྒྲོལ་གྱི“ཆད་སྐོང་ཡོ་བསྲང”གི་ཆེད་དོན་བྱ་སྤྱོད་ཇུས་གཞི》དང《2020ལོའི་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་ལེན་སྲིད་ཇུས་གཅིག་སྡུད་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་ལག་བསྟར་ཇུས་གཞི》བཅས་འགྲེལ་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུ་བཅས་ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྐོར་གཟིགས་དག་ཐེར་ལ་དམ་འཛིན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་ལག་བསྟར་བྱེད་པ་དང་། དཔང་འཛིན་ཚང་མ་དང་ལེན་དང་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱས་ཏེ་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་གནད་དོན་བཅོས་སྒྲིག་མཐར་ཕྱིན་བྱེད་དགོས། རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་འགན་འཁྲི་ཁ་གསལ་བཟོ་བ་དང་། ཟུང་འབྲེལ་ཡག་པོ་བྱེད་པ། དོན་ཐོག་ཏུ་འཁྱོལ་བ་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དག་ཐེར་ལས་དོན་ལ་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་ཤིང་། རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱི་ཏང་ཙུའུ་ཡིས་ངེས་པར་དུ་གཙོ་ཁྲིད་འགན་འཁྲི་འཁུར་བ་དང་། ལས་ཀའི་གོམ་སྟབས་སྔར་བས་ཇེ་མགྱོགས་སུ་གཏོང་བ། གནད་དོན་མི་འདྲ་བར་བྱ་ཐབས་ནུས་ལྡན་སྤྱོད་པ་བཅས་བྱས་ནས་དུས་བཀག་ནང་ཚུན་དུ་དག་ཐེར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་པ་སོགས་ནན་བཤད་བྱས།

ཚོགས་འདུའི་ཐོག་ད་ལོའི་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་ནང་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་བྱ་ཐབས་གསར་གཏོད་བྱེད་པ་དང་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་ཞུགས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ཐད་ཕན་འབྲས་ཐོན་པ་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་ལས་དོན་དང་། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས། མགོ་སྐོར་གཡོ་འཕྲུལ་ལ་རྡུང་རྡེག་གཏོང་བ། དྲིལ་བསྒྲགས་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་དྲིལ་བསྒྲགས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་གནད་དོན་བཅོས་སྒྲིག་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་ལས་དོན་གྱི་འགན་འཁྲི་ལྕི་བ། དུས་ཚོད་ཀྱིས་སུ་ལའང་མི་སྒུག་པས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་རེ་འདུན་བཏོན། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།