ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་ལྷོ་ཁུལ་དུ་བསྐྱོད་དེ་ཡུལ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་ལ་བརྟག་ཞིབ་གནང་སྟེ། རྣམ་གྲངས་ལས་སྒྲུབ་གནས་ཚུལ་ལ་ཉན་པ་དང་སྐབས་རྗེས་མའི་འཛུགས་སྐྲུན་ལས་དོན་ལ་ཞིབ་འཇུག་གནང་།
ཁོང་ཡུང་གིས་བསྟན་དོན། སྨན་བཅོས་འཕྲོད་བསྟེན་བྱ་གཞག་ནི་དམངས་འཚོའི་བྱ་གཞག་གལ་ཆེན་ཞིག་ཡིན། འབྲེལ་ཡོད་སྡེ་ཁག་སོ་སོས་ཐེངས་འདིའི་པྲོག་གསར་གློ་ཚད་ཀྱི་རིམས་ནད་ཁྲོད་ཕྱིར་མངོན་པའི་ཞན་ཆ་དང་མི་འདང་སར་དམིགས་ནས། ཁྱོན་ཡོངས་ནས་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་གལ་ཆེའི་རང་བཞིན་དང་མྱུར་མཁོ་རང་བཞིན་གྱི་ངོས་འཛིན་སྔར་ལས་ཆེ་རུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པ་གོ་སྐབས་སུ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་འགྲོས་ཚད་ཇེ་མགྱོགས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆེན་པོར་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྔར་ལས་མང་ཞིང་ལེགས་པའི་སྨན་བཅོས་ཐོན་ཁུངས་ཀྱིས་མང་ཚོགས་ལ་ཕན་བཏགས་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་དགོས།
ཁོང་ཡུང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་ལྷོ་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་དེ་ཞིང་ཆེན་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བདེ་ཐང་གི་དགོས་མཁོར་རག་ལས་ཡོད། གནས་འཁེལ་ཡང་དག་དང་སྔོན་བརྒལ་ཇུས་འགོད་བྱས་ཏེ་རིག་ཚན་གྱི་གནས་འཁེལ་དང་། ཆེད་ལས་ཀྱི་གནས་འཁེལ། སྨན་བཅོས་ཀྱི་གནས་འཁེལ་བཅས་སྔར་བས་ཁ་གསལ་བཟོས་ནས། ཆུ་ཚད་མཐོ་བའི་གནས་འཁེལ་གྱིས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་ཏེ་སྨན་བཅོས་དང་རིམས་འགོག ཁམས་གསོ། ནད་ཐོག་སྨན་བཅོས་ཞིབ་འཇུག སློབ་གསོ་སློབ་ཁྲིད་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་སྨན་ཁང་ཞིག་བསྐྲུན་ཏེ། སྨན་བཅོས་དང་རིག་ཚན། ཚན་ཞིབ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བ་བྱས་ནས་ཟུང་འབྲེལ་དམ་ཚགས་དང་ཕན་ཚུན་འདེགས་སྐྱོར་བྱེད་དགོས། སློབ་ཆེན་གྱི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་སྨན་ཁང་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་བྱེད་དགོས་ལ། རང་ངོས་ཀྱི་ལེགས་ཆ་ལ་གཞི་ཚུགས་ནས་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱ་རྒྱུ་དེ་སྨན་ཁང་འཕེལ་རྒྱས་གཏོང་བའི་གནས་བབ་གལ་ཆེན་ཐོག་བཞག་སྟེ། གསོ་རིག་ནད་ཐོག་སྨན་བཅོས་ཀྱི་ཚན་ཞིབ་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་སྨན་བཅོས་སློབ་ཁྲིད་དང་ཚན་ཞིབ་ཆུ་ཚད་མཐོ་རུ་གཏོང་བ། ཏན་ཏིག་སྒོས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་དགོས། །
རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།
ཁོང་ཡུང་གིས་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་ལྷོ་ཁུལ་གྱི་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས་སྤུས་ཀ་མཐོ་བ་དང་ཚད་གཞི་མཐོ་བ། རྒྱུ་སྤུས་མཐོ་བ་བཅས་ཀྱིས་ཁྱོན་ཡོངས་ནས་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བཤད།