ཝང་ཅན་ཅུན་གྱིས་མཚོ་བྱང་ཁུལ་མདོ་ལ་རྫོང་དུ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ལེགས་པོ་ལེན་དགོས་པའི་ནན་གསུང་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ནས་ཚེས21ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་ཕེབས་ཏེ། མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གཞི་ལ་རྟོག་ཞིབ་མཛད་པ་དང་། ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་། ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོང་དང་སླར་གསོའི་ཚོད་ལྟའི་ལས་གཞི་ཏན་ཏིག་ངང་ཡག་པོར་སྒྲུབ་པ་དང་། དབུལ་ཐར་འགག་སྒྲོལ་གྱི་ཚུར་ལན་གནད་དོན་གྱི་དག་ཐེར་ལ་དམ་འཛིན་ནན་མོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཡག་པོ་ལེན་དགོས་ཞེས་གསུངས་པ་རེད།

ཝང་ཅན་ཅུན་ཨ་རིག་ཤང་བཙོག་ཆུ་གཙང་གསིང་བཟོ་གྲྭར་ཕེབས་ནས་ཚོད་ལྟའི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས་བསྟན་དོན། ལས་གཞི་བཅོས་སྒྲིག་བྱས་པ་བརྒྱུད་མང་ཚོགས་ཀྱི་སྐྱེ་ཁམས་བྱ་སྤྱོད་ཀྱི་བྱེད་པོའི་རང་རྟོགས་རང་བཞིན་ཇེ་དྲག་དང་། བསམ་བློའི་འདུ་ཤེས་དང་ཐོན་སྐྱེད་འཚོ་བ་སྐྱེལ་སྟངས་སྔར་བས་འགྱུར་ལྡོག་བཏང་སྟེ། སྐྱེ་ཁམས་བྱ་སྤྱོད་ཀྱི་གོམས་གཤིས་ལོབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དཔོན་ཚང་དགོན་དོ་དམ་སྲུང་སྐྱོང་ས་ཚིགས་སུ་ཕེབས་ཏེ། ཆུ་ཁུངས་གསོ་སྐྱོང་དང་། ས་ཆུ་སྲུང་འཛིན། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་ལ་གསན་པ་དང་། གསའ་དང་དྲེད་མོང་སོགས་ལྟ་ཞིབ་ཚད་ལེན་གྱི་བརྙན་ཟློས་ལ་བལྟས་རྗེས། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། དོ་དམ་སྲུང་སྐྱོང་གི་སྒྲིག་གཞི་ལམ་སྲོལ་གསར་གཏོད་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རྫ་དམར་ཆུ་བོའི་བཞུར་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་དང་། སྟོང་སོ་ཆུང་བའི་རྡོ་བལ་གཏེར་སྙིགས་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ། མདོ་ལ་རྫོང་གི་མུའུ་ཁྲིའི་ནགས་སྐྲུན་ལས་གྲྭ་བཅས་ཀྱི་ལས་ཡུལ་དུ་ཕེབས་ནས། ལས་གྲྭ་འཛུགས་སྐྲུན་ལག་བསྟར་བྱས་ཚུལ་སྐོར་བཀའ་འདྲི་གནང་རྗེས། སྐྱེ་ཁམས་སླར་གསོ་དང་། མཛེས་ལྗོངས་འཛུགས་སྐྲུན། ཁོར་ཡུག་བསྐྱར་སྐྲུན། ཕུགས་ཕན་སྲུང་སྐྱོང་བཅས་ཆབས་ཅིག་ཏུ་གལ་ཆེར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྗེས་མཐུད་དོ་དམ་ལ་ཤུགས་སྣོན་པ་དང་། བཅོས་སྐྱོང་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན། ས་དམར་གྲོང་རྡལ་གྱི་རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་དང་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་སྐོར་གྱི་ངོ་སྤྲོད་ལ་གསན་རྗེས། རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་གྲྭ་ལག་བསྟར་བྱ་རྒྱུ་དེ་རྣམ་པ་གསར་པའི་མཁར་གྲོང་ཅན་འཛུགས་སྐྲུན་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཉིས་དང་ཟུང་དུ་སྦྲེལ་ནས། མཛེས་ལྗོངས་དང་ནུས་པ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། རང་བྱུང་ནི་མཛེས་སྡུག་གི་དྭངས་མར་བཟུང་སྟེ་སྐྱེ་ཁམས་ཀྱི་མཛེས་སྡུག་སླར་གསོ་བྱེད་པ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི་ལས་དོན་ཡག་པོར་བསྒྲུབས་ནས་ལེགས་བསྡུས་ཞིབ་གཉེར་རྣམ་པའི་མཁར་གྲོང་ཅན་གྱི་འཕེལ་རྒྱས་ལམ་བུར་བསྐྱོད་དེ། ས་ཁོངས་ཧྲིལ་པོར་ཡུལ་སྐོར་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད། ཝང་ཅན་ཅུན་གྱིས་བསྟན་དོན། ཚོད་ལྟའི་གོ་སྐབས་དམ་འཛིན་དང་སྐྱེ་ཁམས་འགན་འཁྲི་འཁུར་ཏེ། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད་དང་། རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་སྲ་བརྟན་མཐོར་གཏོང་གི་ལོ་གསུམ་འགུལ་སྐྱོད་གཉིས་ཟུང་འབྲེལ་གྱིས་རི་ཆུ་ནགས་ཞིང་དང་། མཚེའུ་རྩྭ་ཐང་བཅས་ཁྱོན་ཡོངས་ནས་སྲུང་སྐྱོང་དང་མ་ལག་ལྡན་པའི་ངང་ཉམས་གསོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ལས་རིགས་ཚད་གཞི་ལྟར་ཁོངས་གཏོགས་ཁུལ་གྱི་ནུས་པ་འདོན་སྤེལ་བྱས་ནས་སྐྱེ་ཁམས་ནི་ཡུན་རིང་བེད་སྤྱོད་རུང་བའི་རྒྱུ་ནོར་ཞིག་ཏུ་འགྱུར་བར་བྱེད་དགོས་པ་དང་། ཚོད་ལྟའི་ལས་གཞིའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་རང་བཤེར་ལས་དོན་ཡག་པོ་བསྒྲུབས་ཏེ་ཆད་པ་འཚོལ་བ་དང་། ཞན་ཆ་གསབ་པ། མཐོར་འདེགས་ལ་སྐུལ་བ་བཅས་བྱས་ནས། ཕན་འབྲས་ཐོན་པ་དང་། ཚོད་ལྟ་ཐུབ་པ། ཚད་གཞི་ལོན་པ་བཅས་ཀྱི་སྒོ་ནས་ཁྱད་ལྡན་དང་། སྤུས་ལེགས། དཔེ་སྟོན་བཅས་ཀྱི་ལས་གྲྭ་བསྐྲུན་ཐུབ་དགོས་ཞེས་བསྟན་པ་རེད། 

དཔལ་གཡང་ཁུག་གྲོང་ཚོ་ནས་ཝང་ཅན་ཅུན་གྱིས་གྲོང་ཚོའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་། དབུལ་ཐར་གཟི་བརྗིད་ལྡན་པའི་དུད་ཚང་ལ་འཚམས་འདྲི་མཛད་ཅིང་། ཀྲུང་དབྱང་གི་དབུལ་ཐར་འགག་སྒྲོལ་གྱི་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་གྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་རྗེས། དབུལ་ཐར་འགག་སྒྲོལ་ནི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། གནད་དོན་བཅོས་སྒྲིག་ནི་མིག་སྔའི་ལས་འགན་ཨང་དང་པོ་ཡིན་པས་ཏང་གིས་གྲོང་གསེབ་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་མཐའ་འཁྱོངས་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆར་བརྟེན་ནས་དག་ཐེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། ཏང་སྲིད་འགན་འཁྲི་མཉམ་འཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དོན་གཉིས་ཀ་མཐོང་བ་དང་། ཞིབ་བཤེར་ལེགས་བཅོས་དངོས་མ་བྱེད་པ། རྗེས་འདེད་ཕན་འབྲས་འདྲི་བ། སྒྲིག་འཛུགས་སྲོལ་འཛུགས་བཅས་ཀྱི་ཐད་ལ་འབད་བརྩོན་ཆེན་པོས་གནད་དོན་དག་ཐེར་ཡོ་བསྲང་གི་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱེད་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་ཤུགས་ཆེ་རུ་བཏང་ནས། གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དང་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ཟུང་འབྲེལ་བྱེད་པ། ཏང་ཀྲུང་དབྱང་གིས་ང་ཚོར་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན་པ་རེད། 

རྟོག་ཞིབ་གནང་རིང་། ཝང་ཅན་ཅུན་གྱིས་མཚོ་བྱང་ཁུལ་གྱི་ཡུལ་དངོས་སློབ་ཁྲིད་ས་ཚིགས་བསྐྲུན་པའི་ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་དང་བཞུགས་མོལ་གནང་ནས། ཁོང་ཚོས་རིམས་ནད་འགོག་སྡོམ་གྱི་དམིགས་བསལ་དུས་སྐབས་སུ་མཚོ་སྔོན་དུ་ཡོང་ནས་ལས་དོན་གཉེར་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཞིང་ཆེན་གཉིས་ཀྱི་ཏང་གི་སློབ་གྲྭའི་སྤེལ་རེས་མཉམ་ལས་ལ་ཤུགས་བསྣན་ནས་དུས་རབས་གསར་པར“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུའི་རེ་བ་བཏོན་པ་རེད།

ཉི་མ་སྒྲོལ་མ་བཞུགས་མོལ་ཚོགས་འདུ་ཞུགས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།