མཚོ་སྔོན་ཞིང་ཆེན་གྱིས་སྤོས་འགྱིག་སྦགས་གཙོག་ལ་དམག་བརྡ་བཏང་ནས་འགྱིག་བཀག་བཀའ་རྒྱ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧུར་ཐག་གིས་སྤོས་འགྱིག་གི་སྦགས་བཙོག་ལ་ཁ་གཏད་གཅོག་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《སྤོས་འགྱིག་གི་སྦགས་བཙོག་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》བཟོས་ནས་སྤོས་འགྱིག་གི་སྦགས་བཙོག་ལ་དམག་བརྡ་བཏང་། ཧུར་ཐག་སྒོས་སྤོས་འགྱིག་གི་སྦགས་བཙོག་ལ་ཁ་གཏད་གཅོག་རྒྱུ་དེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པར་མ་ཟད། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། ཟླ1པོའི་ཚེས16ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས《སྤོས་འགྱིག་གི་སྦགས་བཙོག་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ནས་སྤོས་འགྱིག་གི་སྦགས་བཙོག་བཅོས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས《སྤོས་འགྱིག་གི་སྦགས་བཙོག་བཅོས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བྱ་ཐབས》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བཏོན། དེར་ཁྱོན་ཁག3དང་ལེའུ9། དོན་ཚན19བཅས་ཡོད།

 《ལག་བསྟར་བྱ་ཐབས》ཀྱིས“ཐོན་སྐྱེད་དང་ཕྱིར་ཚོང”ལྷུ་ཚིགས་ཀྱི་འབྱུང་རྩ་ནས་ཉུང་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤོས་འགྱིག་ཐོན་རྫས་ཐོན་སྐྱེད་དང་འཁོར་རྒྱུག བེད་སྤྱོད། ཚུར་བསྡུ། ཐག་གཅོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་སོ་སོ་ནས་འགོ་བཙུགས་ཏེ། སྤོས་འགྱིག་གི་རིམ་པ་ཧྲིལ་པོར་ཁྱབ་པའི་སྦགས་བཙོག་བཅོས་སྐྱོང་མ་ལག་འཛུགས་དགོས་པར་མ་ཟད། ཚབ་བྱེད་ཐོན་རྫས་ཁྱབ་གདལ་བེད་སྤྱོད་དང་།ལས་རིགས་གསར་པ་དང་རྣམ་པ་གསར་པ་སྐྱེད་སྲིང་དང་ལེགས་བཅོས་སོགས་ཀྱི་བྱ་ཐབས་ཀྱང་ཁ་གསལ་བཏོན་ཡོད། ད་དུང་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་བར་དང་། གྲོང་ཁྱེར་དང་གྲོང་གསེབ་བར། ལས་རིགས་སོ་སོའི་བར་གྱི་ཧེ་བག་ལ་བསམ་གཞིགས་གང་ལེགས་བཏང་ནས། གཙོ་གནད་འབུར་ཐོན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་སྤེལ་གཏོང་བའི་རྩ་དོན་ལྟར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར། རྫོང་མཁར། སྐྱེ་ཁམས་བྱེད་ནུས་ཁུལ་བཅས་དབྱེ་འབྱེད་བྱས་ཏེ། 2020ལོ་དང་2022ལོ། 2025ལོ་བཅས་ཀྱི་དུས་འཚམས་གསུམ་དུ་ཕྱེས་ཤིང་གོ་རིམ་དང་ཁྱབ་ཁོངས། ས་ཁོངས་བཅས་དབྱེ་ནས་སྤོས་འགྱིག་གི་སྦགས་བཙོག་ནུས་ཤུགས་ལྡན་ཞིང་གོ་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱ་དགོས་པ་བསྟན་ཡོད།

2020ལོར། མཚོ་སྔོན་ཞིང་ཆེན་གྱིས་ཐོག་མར་ས་ཁུལ་ཁག་ཅིག་དང་ཁྱབ་ཁོངས་ཁག་ཅིག་ཏུ་སྤོས་འགྱིག་ཐོན་སྐྱེད་དང་ཕྱིར་ཚོང་། བེད་སྤྱོད་ལ་གཏན་འགོག་དང་ཚོད་འཛིན་བྱ་རྒྱུ་ཡིན་ལ། 2022ལོར་སླེབས་སྐབས་གཅིག་སྤྱོད་སྤོས་འགྱིག་ཐོན་རྫས་ཀྱི་འཛད་སྤྱོད་བྱེད་ཚད་མངོན་གསལ་གྱིས་ཉུང་དུ་འགྲོ་རྒྱུ་དང་། ཚབ་བྱེད་ཐོན་རྫས་ཁྱབ་གདལ་ཐུབ་པ། སྤོས་འགྱིག་བེད་མེད་དངོས་པོ་ཐོན་ཁུངས་ཅན་དང་ནུས་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་གཏོང་བའི་བསྡུར་ཚད་ཆེ་རུ་གཏོང་དགོས། སྤོས་འགྱིག་གི་སྦགས་བཙོག་གནད་དོན་མངོན་གསལ་ཡིན་པའི་ཁྱབ་ཁོངས་དང་གློག་རྡུལ་ཚོང་དོན་དང་། མྱུར་སྐྱེལ། ཕྱིར་ཚོང་སོགས་གསར་དར་ཁྱབ་ཁོངས་སུ་འདྲ་བཟོ་ཆོག་པ་དང་ཁྱབ་གདལ་ཆོག་པའི་སྤོས་འགྱིག་ཉུང་གཏོང་དང་ལྗང་མདོག་ཟོག་འགྲེམས་བྱེད་སྟངས་ཁག་གཅིག་ཆགས་པར་བྱ་དགོས། 2025ལོར་སླེབས་སྐབས་སྤོས་འགྱིག་ཐོན་རྫས་ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད། ཚུར་བསྡུ་ཐག་གཅོད་སོགས་ལྷུ་ཚིགས་ཀྱི་དོ་དམ་ལམ་ལུགས་དང་སྣ་མང་མཉམ་བཅོས་ཀྱི་མ་ལག་རྨང་ནས་ཆགས་ཤིང་། ཚབ་བྱེད་ཐོན་རྫས་གསར་སྤེལ་བེད་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཏེ། ཟི་ལིང་དང་མཚོ་ཤར། ན་གོར་མོ། གཏེར་ལེན་ཁ་སོགས་གྲོང་ཁྱེར་གྱི་སྤོས་འགྱིག་གད་སྙིགས་སྦས་ཚད་དམའ་རུ་འགྲོ་བ་དང་། སྤོས་འགྱིག་སྦགས་བཙོག་ཚོད་འཛིན་ནུས་ལྡན་ཐུབ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།