ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་བསྟུད་མར་ཉིན་འགར་བྱ་བ་སྒྲུབ་པ་བརྒྱུད་དངོས་འདྲེན་རླངས་འཁོར་ཆེ་གྲས་ཀྱི་འབར་སྣུམ་བརྐུས་པའི་ནག་ཉེས་ཚོགས་པ་ཞིག་གཏོར་བ་དང་ཚོགས་པའི་ཁོངས་མི་4འཛིན་བཟུང་བྱས་པ་དང་། ནག་ཉེས་རླངས་འཁོར3དང་། བརྐུས་པའི་ཁྲའེ་ཡིའུ་སྣུམ་ཏུན6། ནག་ཉེས་བཟོ་བའི་ལག་ཆ་ཁ་ཤས་བཅས་རྩད་ཆོད་པ་རེད།
ཟླ3པའི་ཚེས27ཉིན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཅིན་ཏ་ལམ་དུ་དངོས་འདྲེན་རླངས་འཁོར་ཆེ་གྲས་ལྔའི་འབར་སྣུམ་བརྐུས་པའི་གྱོད་གཞི་བྱུང་བ་དང་། ཞིང་ཆེན་སྤྱི་བདེ་ཐིན་དང་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཚད་མཐོ་བའི་མཐོང་ཆེན་བྱས་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་ཉེས་དོན་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་གཏན་ཁེལ་བྱས་པའི་གྲོང་ཁྱེར་སྤྱི་བདེ་ཅུས་ཏུང་ཁྲོན་ཡན་ལག་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་གྱོད་གཞི་རྩད་གཅོད་བྱས་པ་དང་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ནས་གྱོད་གཞི་རྩད་གཅོད་བྱས་པ་རེད།
ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། ནག་ཉེས་ཚོགས་པ་ཞིག་གིས་ལོ་མང་པོར་ཟི་ལིང་གྲོང་ཁྱེར་མཐའ་འཁོར་ས་ཁུལ་དུ་དངོས་འདྲེན་རླངས་འཁོར་གྱི་འབར་སྣུམ་རྐུ་འཕྲོག་གི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་སྤེལ་བ་དེ་ཉེ་ལམ་གྱི་སྣུམ་བརྐུའི་གྱོད་གཞི་མང་པོ་དང་འབྲེལ་བ་ཡོད་པ་ཤེས། གཟའ་འཁོར་གཅིག་ལྷག་ཙམ་ལ་དཀའ་སྤྱད་འབད་པ་བྱས་པ་བརྒྱུད། ཆེད་དོན་གྱོད་དོན་ཚོགས་ཆུང་གིས་ཚོགས་པ་དེའི་ཁོངས་མིས་རྟག་ཏུ་ཅང་ཧོའེ་བྱེས་བགྲོད་རླངས་འཁོར་སེར་སྐྱ་ཞིག་ལ་ཨང་རྟགས་རྫུན་མ་བཀོལ་ནས་ནག་ཉེས་བཟོ་བ་དང་། རྐུ་འཕྲོག་བྱས་པའི་འབར་སྣུམ་ཤིས་ཀང་བརྒྱུད་འདྲེན་ས་ཚིགས་ཀྱི་ཉེ་འགྲམ་དུ་བསྐྱལ་ནས་རླངས་འཁོར་ཞིག་གི་ནང་བླུགས་རྗེས་ཐག་ཉེ་ས་ནས་བརྐུས་རྫས་ཕྱི་འཚོང་བྱེད་ཀྱིན་ཡོད་པ་རྩད་ཆོད།
ཟླ4པའི་ཚེས4ཉིན་གྱི་སྔ་དྲོའི་དུས་ཚོད2ཙམ་ལ་ཆེད་དོན་གྱོད་གཞི་ཚོགས་ཆུང་གི་ཉེན་རྟོག་པས་དོགས་ཡོད་ཉེས་ཅན3ཕིན་ཨན་གླ་བསྡུའི་ས་ཚིགས་དང་ཏུང་ཁྲོན་གསར་སྤེལ་ཁུལ་སོགས་སུ་བྲོས་ནས་ནག་ཉེས་བཟོས་པ་ཤེས་རྟོགས་བྱུང་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས་པ་རེད། ཆུ་ཚོད་6པ་ཙམ་ལ་དོགས་ཡོད་རླངས་འཁོར་བརྒྱུད་འདྲེན་ས་ཚིགས་འགྲམ་གྱི་བདག་མེད་ར་སྐོར་ཞིག་གི་ནང་དུ་བསྐྱོད་དེ་ཉེན་རྟོག་པ་མཐོང་མ་ཐག་རླངས་འཁོར་བསྐོར་ནས་འགྲོ་རྩིས་བྱས་པ་དང་། ཉེན་རྟོག་པས་བཙན་ཤེད་ཀྱིས་དོགས་ཡོད་རླངས་འཁོར་བཀག་པ་མ་ཟད། ཡུལ་དངོས་སུ་དོགས་ཡོད་ཉེས་ཅན3འཛིན་བཟུང་བྱས་རྗེས་བརྐུས་དངོས་གཞུང་བཞེས་བྱས་པ་དང་། ཉེས་ཅན་ཀའོ་ག་གེ་མོས་རླངས་འཁོར་བསྐོར་ནས་ར་སྐོར་ནས་འགྲོ་སྐབས་འཛིན་བཟུང་བྱས། མིག་སྔར་དོགས་ཡོད་ཉེས་ཅན4ཁྲིམས་ལྟར་བཀག་ཉར་བྱས་ཡོད་པ་དང་གྱོད་གཞི་རྩད་གཅོད་བྱེད་བཞིན་པའི་སྒང་ཡིན། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་དངོས་འདྲེན་རླངས་འཁོར་ཆེ་གྲས་ཀྱི་འབར་སྣུམ་བརྐུས་པའི་ནག་ཉེས་ཚོགས་པ་ཞིག་གཏོར།