ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ4བའི་ཚེས12ཉིན་བར་ཡུལ་ཤུལ་དང་མཚོ་སྔོན་གྱི་གློག་དྲ་གཙོ་བོའི་ཆན་ཧྥུ330ཟིན་པའི་དྲ་སྦྲེལ་ལས་གྲྭས་རིམ་རྩིས་བྱས་ན་ཡུལ་ཤུལ་ལ་ཆུ་ཚོད་རེར་གློག་ཤུགས་ཆན་ཝ་དུང་ཕྱུར8.2བཏང་བ་དང་། ཡུལ་ཤུལ་ལ་དབྱར་དུས་སུ་ཆུ་ཚོད་རེར་གློག་ཤུགས་ཆན་ཝ་དུང་ཕྱུར1.3བཏང་ནས། ཡུལ་ཤུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།
2013ལོར་བསྐྲུན་པའི་ཡུལ་ཤུལ་དང་མཚོ་སྔོན་གྱི་གློག་དྲ་གཙོ་བོའི་ཆན་ཧྥུ330ཟིན་པའི་དྲ་སྦྲེལ་ལས་གྲྭ་ནི་སྐབས་དེའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཆན་ཧྥུ330ཟིན་པའི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་བསྐྲུན་རྗེས་ཡུལ་ཤུལ་གྱི་གློག་དྲའི་གློག་གནོན་རིམ་པ་དམའ་བ་དང་། གློག་དྲའི་གྲུབ་ཆ་ཞན་པ། གློག་མཁོ་འདོན་ཞན་པ་བཅས་ཀྱི་ཞན་ཆ་རྩ་བའི་ཆ་ནས་ཁ་གསབ་བྱས་ཏེ། ཡུལ་ཤུལ་ས་ཁུལ་དུ་དུས་ཡུན་རིང་པོར་གནས་པའི་གློག་དཀོན་པའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཏེ། ཡུལ་ཤུལ་གསར་པ་ཆན་ཧྥུ35ཡི་གློག་དྲ་ནས་ཆན་ཧྥུ330ཡི་གློག་དྲ་ཆེན་པོའི་དུས་རབས་སུ་སླེབས་པ་རེད།
མིག་སྔར་ཡུལ་ཤུལ་གློག་དྲས་ཆན་ཧྥུ330ཡོད་པའི་ཡུལ་ཤུལ་གློག་སྒྱུར་ས་ཚིགས་ལྟེ་བར་འཛིན་པ་དང་། ཆན་ཧྥུ110གཙོ་བོ་ཡིན་པའི“གྲོང་ཁྱེར་གཅིག་དང་རྫོང་ལྔའི”གློག་ཤུགས་དྲ་སྒྲོམ་བཙུགས་ནས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཤང་གྲོང46གི་སྲིད་འཛིན་གྲོང་ཚོ155ལ་གློག་དྲ་ཆེན་པོ་བསྐྲུན་པ་དང་། གློག་མཁོ་འདོན་ཁྱབ་ཚད80%ཟིན་ལ། གློག་མཁོ་འདོན་གྱི་ནུས་པ་ས་ཡོམ་མ་བྱུང་བའི་སྔོན་ལས་ལྡབ13གྱི་ཇེ་མཐོར་ཕྱིན་པ་རེད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཡུལ་ཤུལ་དང་མཚོ་སྔོན་གྱི་གློག་དྲ་གཙོ་བོའི་ཆན་ཧྥུ330ཟིན་པའི་དྲ་སྦྲེལ་ལས་གྲྭས་ཡུལ་ཤུལ་ལ་ཆུ་ཚོད་རེར་གློག་ཤུགས་ཆན་ཝ་དུང་ཕྱུར8.2བཏང་བ།