རང་རྒྱལ་གྱི“མཚོ་སྔོན་གྱི་འཚེམ་དྲུབ་རྒྱུན་འཛིན་དང་སྲུང་སྐྱོང་རྟེན་གཞི”ཐོག་མ་མཚོ་སྔོན་དུ་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་དུ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་མཱ་ལེན་ཧྭ་དམངས་ཁྲོད་སྤྱི་ཕན་རིག་གནས་རྒྱུན་འཛིན་ཀུང་སི་དེ“ཀྲུང་གོའི་མཚོ་སྔོན་གྱི་འཚེམ་དྲུབ་རྒྱུན་འཛིན་དང་སྲུང་སྐྱོང་རྟེན་གཞིར”གཏན་འཁེལ་བྱ་རྒྱུའི་ཆོག་མཆན་དངོས་སུ་བཀོད་ཡོད། འདི་ནི་རྒྱལ་ཁབ་ཀྱིས་མིང་བཏགས་པའི་མཚོ་སྔོན་གྱི་འཚེམ་དྲུབ་རྒྱུན་འཛིན་དང་སྲུང་སྐྱོང་རྟེན་གཞི་ཐོག་མ་དེའང་རེད།

མཚོ་སྔོན་གྱི་འཚེམ་དྲུབ་ནི་མཚོ་སྔོན་གྱི་མི་རིགས་ཁག་གི་དམངས་ཁྲོད་འཚེམ་དྲུབ་ཀྱི་སྤྱི་མིང་ཡིན། དེར་ལོ་རྒྱུས་ཡུན་རིང་དང་། བརྗོད་བྱ་ཕུན་སུམ་ཚོགས་པ། ཉམས་འགྱུར་གནའ་ཉམས་བབ་ཆགས་པ། བཟོ་རྩལ་ཁྱད་དུ་འཕགས་པ། སྤུས་ཀ་དག་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། དེ་ལས་མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་དགའ་ཞེན་ཚད་མེད་བྱེད་ལུགས་དང་དོན་གཉེར་བྱེད་ལུགས་མཚོན་གྱི་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་དུ་འཚེམ་དྲུབ་ཀྱི་ལས་ཀ་གཉེར་མཁན་མི་ཁྲི་30ཙམ་ཡོད་ཅིང་། དེ་ནི་ཞིང་ཆེན་ཡོངས་སུ་ཞུགས་མཁན་མང་ཤོས་དང་། བཀོལ་སྤྱོད་བྱེད་རྒྱ་ཆེ་ཤོས། ཤུགས་རྐྱེན་ཐེབས་ཡུན་རིང་ཤོས། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་ཟབ་ཤོས་བཅས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཞིག་ཡིན་པ་མ་ཟད། ཞིང་འབྲོག་ཁུལ་གྱི་བུད་མེད་ཀྱི་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོ་ཞིག་ཏུའང་རིམ་བཞིན་འགྱུར་བཞིན་ཡོད།

“སྲུང་སྐྱོང་རྟེན་གཞི་བཙུགས་པ་ལས་མཚོ་སྔོན་གྱི་འཚེམ་དྲུབ་འཕེལ་རྒྱས་ལ་གོ་སྐབས་རྩ་ཆེན་ཐོབ་པ་དང་ཆབས་ཅིག མཚོ་སྔོན་གྱི་འཚེམ་དྲུབ་ནི་ལོ་རྒྱུས་དང་། ལག་རྩལ། རིག་གནས་བཅས་ལྡན་པའི་འཚེམ་དྲུབ་ཀྱི་རིགས་ཤིག་ཡིན་པའང་མཚོན་གྱི་ཡོད”ཅེས་མཱ་ལེན་ཧྭ་དམངས་ཁྲོད་བཟོ་རྩལ་རིག་གནས་རྒྱུན་འཛིན་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཁྲེན་ཡུས་ཤིའུ་ཡིས་གསར་འགོད་པར་བརྗོད་པ་དང་། ཡང་ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་མཚོ་སྔོན་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་འཚེམ་དྲུབ་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་པའི་རྨང་གཞིའི་ཐོག་ཚབ་མཚོན་རང་བཞིན་གྱི་ཁྲ་རིས་དང་འཚེམ་རྩལ་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ“ཐོན་སྐྱེད་དང་། སློབ་སྦྱོང་། ཞིབ་འཇུག ཡུལ་སྐོར”བཅས་གཞི་གཅིག་ཅན་གྱི་མཚོ་སྔོན་གྱི་འཚེམ་དྲུབ་ཀྱི་བརྗོད་དོན་གཙོ་བོའི་རིག་གནས་རྟེན་གཞི་ཞིག་བཏོད་ནས། རྒྱ་ཆེའི་བུད་མེད་ཚོའི་སྣེ་འཁྲིད་དེ་འཚེམ་དྲུབ་སློབ་སྦྱོང་དང་འབབ་འཕར་དབུལ་སྒྲོལ་སོགས་ཀྱི་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན”ཞེས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།